མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《རྒན་རྒོན་སློབ་གསོའི་འཕེལ་རྒྱས་འཆར་འགོད་
(2016ལོ་ནས་2020ལོ་བར)》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་21ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《རྒན་རྒོན་སློབ་གསོའི་འཕེལ་རྒྱས་འཆར་འགོད(2016ལོ་ནས་2020ལོ་བར)》(གཤམ་དུ་《འཆར་འགོད་》ཅེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་རྒན་རྒོན་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་། རྒན་རྒོན་སློབ་གསོ་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ། རྒན་རྒོན་སློབ་གསོའི་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་བྱེད་པ། རྒན་རྒོན་སློབ་གསོ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཐད་བཀོད་སྒྲིག་བྱས་པ་རེད།
         《འཆར་འགོད་》ནང་། རྒན་རྒོན་སློབ་གསོ་འཕེལ་རྒྱས་ཐད་ལས་འགན་ཁག་ལྔ་བཏོན་ཡོད་པ་སྟེ། གཅིག་ནི་རྒན་རྒོན་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་དུ་རྒན་རྒོན་སློབ་གསོ་སྔོན་ལ་འཕེལ་རྒྱས་བཏང་ནས་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་རྒན་རྒོན་སློབ་གསོར་སྐུལ་འདེད་བཏང་སྟེ་རྒན་རྒོན་སློབ་ཆེན་སྤྱི་ཚོགས་ཐོག་གཉེར་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནི་རྒན་རྒོན་སློབ་གསོ་འཕེལ་རྒྱས་ཀྱི་ལམ་བུ་རྒྱ་ཆེར་གཏོང་དགོས། རྒན་རྒོན་སློབ་གསོའི་ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་སུ་བཏང་ནས་གསོ་སྐྱོང་དང་སློབ་གསོ་ཟུང་འབྲེལ་གྱི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ཏེ་རྒན་རྒོན་གྱི་མི་ཤུགས་ཐོན་ཁུངས་གསར་སྤེལ་ཧུར་ཐག་བྱེད་དགོས། གསུམ་ནི་རྒན་རྒོན་སློབ་གསོར་ཞབས་འདེགས་དང་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་དགོས། ཆ་འཕྲིན་ལག་རྩལ་སྤྱད་དེ་རྒན་རྒོན་སློབ་གསོར་ཞབས་འདེགས་ཞུས་ནས་རིག་གནས་དང་། ལུས་རྩལ། ཚན་རྩལ་བཅས་ཐོན་ཁུངས་བསྡུ་སྒྲིལ་གྱིས་རྒན་རྒོན་སློབ་གསོར་ཞབས་འདེགས་ཞུ་དགོས། བཞི་ནི་རྒན་རྒོན་སློབ་གསོ་འཕེལ་རྒྱས་ཀྱི་ལམ་སྲོལ་གསར་གཏོད་བྱེད་དགོས། རྒན་རྒོན་སློབ་གསོའི་ཐད་སྤྱི་ཚོགས་ཀྱི་ནུས་པ་འདོན་རྒྱུར་སྐུལ་མ་བཏང་ནས་རྒན་རྒོན་སློབ་གསོ་དང་འབྲེལ་ཡོད་ཐོན་ལས་མཉམ་འགུལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ལྔ་ནི་རྒན་རྒོན་སློབ་གསོ་རྒྱུན་མཐུད་འཕེལ་རྒྱས་ཡོང་རྒྱུར་སྐུལ་མ་གཏོང་དགོས། རིག་ཚན་འཛུགས་པ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་དང་གསོ་སྦྱོང་བྱ་ཤུགས་ཆེ་རུ་གཏོང་བ་དང་། རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་བྱ་ཤུགས་ཆེ་རུ་གཏོང་དགོས་པ་བཅས་རེད། 《འཆར་འགོད་》ནང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་། རྒན་རྒོན་སློབ་གསོའི་སྒྲིག་གཞིའི་རྨང་གཞིའི་ནུས་པ་ཆེ་རུ་གཏོང་བ། སློབ་སྦྱོང་གི་ཐོན་ཁུངས་བསྡུ་སྒྲིལ། རྒན་རྒོན་གྱི་རྒྱང་ཁྲིད་སློབ་གསོ། རྒས་དུས་ལས་རྒྱུ་ཡོད་པའི་བྱ་སྤྱོད་སོགས་གཙོ་གནད་སྐུལ་འདེད་འཆར་གཞི་སྒྲིག་འཛུགས་ཡོད་པའི་སྒོ་ནས་ལག་བསྟར་བྱེད་དགོས་པ་བཏོན་ཡོད་པ་རེད།

  
2016-10-19 2016-10-14