མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་
པེ་ཅིང་གྲོང་ཁྱེར་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་30ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་
པེ་ཅིང་གྲོང་ཁྱེར་དུ་འཚོགས་པ།

         ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ། 
         ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་2017ལོའི་ལོ་སྨད་དུ་པེ་ཅིང་དུ་འཚོག་རྒྱུའི་གཏན་འབེབས་བྱས་པ།
         ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས།
         (2016ལོའི་ཟླ་10ཚེས་27ཉིན་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བ)
         ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་2016ལོའི་ཟླ་10ཚེས་24ཉིན་ནས་ཚེས་27ཉིན་བར་པེ་ཅིང་དུ་འཚོགས་པ་རེད།
         ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཕེབས་མཁན་གྲས་སུ། ཀྲུང་དབྱང་ཨུ་ཡོན་197དང་ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན་151ཡོད་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མིའི་ནང་གི་གཞི་རིམ་བློ་མཐུན་དང་རིགས་གཅིག་མཁས་ཅན་དང་མཁས་དབང་ཁག་གཅིག་ཀྱང་ཚོགས་འདུར་ཟུར་ཞུགས་གནང་ཡོད་པ་རེད།
         ཚང་འཛོམས་གྲོས་ཚོགས་དེ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གཙོ་སྐྱོང་གནང་བ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད།
         ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངགས་བཅོལ་ལྟར་ཞིས་ཅིན་ཕིང་གིས་གནང་བའི་ལས་དོན་སྙན་སྒྲོན་གསན་པ་དང་གྲོས་བསྡུར་གནང་བ་དང་། 《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག་》དང་། 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། 《ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོག་རྒྱུའི་སྐོར་གྱི་གྲོས་ཆོད་》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ཞིས་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་《ཚད་གཞི་(གྲོས་བསྡུར་མ་ཟིན་)》དང་《སྲོལ་ཡིག་(གྲོས་བསྡུར་མ་ཟིན་)》གསལ་བཤད་གནང་བ་རེད།
         ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་ནས། རྙོག་འཛིང་ཆེ་བའི་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་ལ་བལྟས་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་གཏིང་ཟབ། དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན། ལག་ལེན་གྱི་བླང་བྱར་བསྟུན་པ་བཅས་བྱས་ཏེ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་སེམས་མཐུན་གཞོགས་འདེགས་དང་དཀའ་སྒྲུབ་དངོས་སྒྲུབ་བྱས་ཏེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་ཐོག་སྐུལ་འདེད་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བཏང་བ་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་སྤེལ་བ། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་བཅས་ལ་སྐུལ་འདེད་གཏོང་རྒྱུར་གོམ་སྟབས་ཆེན་པོ་སྤོས་པར་བརྟེན་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ལ་གྲུབ་འབྲས་ཆེན་པོ་གསར་པ་གལ་ཆེན་ཐོབ་པའི་ངོས་འཛིན་བྱས་ཡོད།
         ཚང་འཛོམས་གྲོས་ཚོགས་ཐོག་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་སྟེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཉམས་ལེན་འབད་སྒྲུབ་དང་རང་དཔེ་གཞན་སྟོན་གནང་ནས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་བཏང་བ་དང་། བསམ་བློའི་ཐོག་ནས་ཏང་འཛུགས་སྐྱོང་དང་ལམ་ལུགས་ཐོག་ནས་ཏང་སྐྱོང་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས། གཅིག་སྡུད་ངང་ཏང་སྲོལ་བཅོས་སྒྲིག རུལ་སུངས་ལ་ཆད་པ་ནན་པོ་གཅོད་པ་བཅས་བྱས་ཏེ་ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་གཙང་དུ་བཏང་བར་བརྟེན་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་རྣམ་པ་གསར་པ་ཐོན་པ་མ་ཟད། ཏང་སེམས་དང་དམངས་སེམས་ཐོབ་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་རྣམ་པ་གསར་པ་གཏོད་ཆེད་འགན་ལེན་གལ་ཆེན་མཁོ་འདོན་བྱས་པའི་ངོས་འཛིན་བྱས་ཡོད།
         ཚང་འཛོམས་གྲོས་ཚོགས་ཐོག་རང་རེའི་ཏང་གིས་ཏང་ནང་ཁུལ་དུ་སྤེལ་བའི་ཆབ་སྲིད་འཚོ་བའི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་གནང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ཐད་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་ཏེ། ཀྲུང་གོའི་བྱ་བ་ཡག་པོ་བསྒྲུབ་རྒྱུའི་འགག་རྩ་དེ་ཏང་ལ་ཐུག་པ་དང་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་རྒྱུར་ཐུག་ཡོད། ཏང་གིས་ཏང་ལ་དོ་དམ་བྱེད་པར་ངེས་པར་དུ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནས་དོ་དམ་བྱེད་དགོས་པ་དང་། ཏང་ནན་པོས་སྐྱོང་བར་ངེས་པར་དུ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་པོས་སྐྱོང་རྒྱུ་ནས་འགོ་འཛུགས་དགོས། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་དུ་མ་ལྡན་པའི་རླབས་ཆེའི་འཐབ་རྩོད་སྔར་བས་ལེགས་པའི་སྒོ་ནས་བྱེད་པ་དང་། ཏང་འཛུགས་སྐྱོང་གི་རླབས་ཆེའི་འདུ་འགོད་གསར་པར་སྐུལ་འདེད་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པར། “ཚོད་བགམ་ཆེན་པོ་བཞི”ཡི་ཉམས་སད་ཐེག་ཐུབ་པ་དང“ཉེན་ཁ་ཆེན་པོ་བཞི”ཁྱད་བསད་ཐུབ་པ་བྱས་ནས་དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་ཞིག་བཟོ་དགོས་ངེས་ཀྱི་ངོས་འཛིན་གནང་བ་རེད།
         ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་གནང་དོན། དུས་བབ་གསར་པའི་འོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་བཟོ་བར། ངེས་པར་དུ་ཏང་གི་སྒྲིག་ཡིག་རྩ་བའི་གཞི་འཛིན་སར་བྱས་ཏེ། ཏང་གི་ཆབ་སྲིད་ལམ་ཕྱོགས་དང་། བསམ་བློའི་ལམ་ཕྱོགས། རྩ་འཛུགས་ཀྱི་ལམ་ཕྱོགས། མང་ཚོགས་ཀྱི་ལམ་ཕྱོགས་བཅས་མཐའ་འཁྱོངས་བྱས་ནས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། རྩ་དོན་རང་བཞིན། དམག་འཐབ་རང་བཞིན་བཅས་ལ་ཤུགས་རྒྱག་པ་དང་། ཏང་དྭངས་གཙང་ཡོང་བ་བྱེད་པ་དང་། ཏང་འཐུས་སྒོ་ཚང་དུ་གཏོང་བ། ཏང་གསར་བརྗེས་ཡོང་བ་བྱེད་པ། ཏང་གི་ནུས་པ་ཆེ་རུ་གཏོང་བ་བཅས་ལ་ཤུགས་རྒྱག་པ། ཏང་གི་འགོ་ཁྲིད་ཆུ་ཚད་དང་སྲིད་འཛིན་ཆུ་ཚད་མཐོ་རུ་ནུས་ལྡན་གཏོང་བ་དང་། རུལ་རྒོལ་འགྱུར་འགོག་དང་ཉེན་ཁ་སྔོན་འགོག་གི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་པ། ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་དང་། ཏང་གི་མཐུན་སྒྲིལ་གཅིག་གྱུར་འགན་ལེན། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བཅས་ལ་ཤུགས་བརྒྱབ་སྟེ། ཏང་ཡོངས་སུ་གཅིག་སྡུད་ཡོད་ལ་དམངས་གཙོ་ཡོད་པ་དང་། སྒྲིག་ཁྲིམས་ཡོད་ལ་རང་དབང་ཡོད་པ། གཅིག་གྱུར་གྱི་བསམ་འདུན་ཡོད་ལ་མི་སྒེར་གྱི་སེམས་བག་ཡངས་ལ་འཁྲུག་ཆ་དོད་པ་བཅས་ཀྱི་ཆབ་སྲིད་རྣམ་པ་ཞིག་ཆགས་རྒྱུར་གཞོལ་དགོས།
         ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་གནང་དོན། དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་བཟོ་བར། གཙོ་གནད་ནི་རིམ་ཁག་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པ་ཡིན། འགག་རྩ་ནི་མཐོ་རིམ་ལས་བྱེད་པ་དང་ལྷག་དོན་དུ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་ཆབ་སྲིད་ཅུས། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅས་ལས་གྲུབ་པའི་ཁོངས་མི་ཡིན། མཐོ་རིམ་ལས་བྱེད་པ་དང་ལྷག་དོན་དུ་ཀྲུང་དབྱང་འགོ་ཁྲིད་རིམ་པའི་གྲུབ་ཆའི་མི་སྣས་ངེས་པར་དུ་རང་དཔེ་གཞན་སྟོན་གྱིས་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་ལ་སྲུང་བརྩི་ཞུ་བ་དང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་པོ་སྲུང་བ། ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱ་རྒྱུ་མཐའ་འཁྱོངས། རང་དཔེ་གཞན་སྟོན་དང་གོང་གིས་འོག་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ལ་མིག་དཔེ་འདོན་དགོས།
         ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་ཀ་རྟེན་དང་ཆབ་སྲིད་ཀྱི་བླ་སྲོག་ལྟ་བུ་ཡིན་ལ། ཏང་གི་མཐུན་སྒྲིལ་གཅིག་གྱུར་རྒྱུན་འཁྱོངས་བྱེད་པའི་བསམ་བློའི་རྨང་གཞི་ཡང་ཡིན། ངེས་པར་དུ་ཕུགས་བསམ་དད་སེམས་བརྟན་དུ་གཏོང་རྒྱུ་དེ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་སྤེལ་རྒྱུའི་ལས་འགན་གཙོ་བོ་ཞིག་ཏུ་བརྩི་དགོས། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་མར་ཁེ་སི་རིང་ལུགས་ལ་ཡིད་ཆེས་བྱ་རྒྱུ་དང་། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་དད་སེམས་དེ་ཚེ་གང་དོན་གཉེར་གྱི་བྱ་བར་བརྩིས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་པོ་ཡོང་བ་བྱེད་དགོས། འགོ་ཁྲིད་ལས་བྱེད་པ་དང་ལྷག་དོན་དུ་མཐོ་རིམ་ལས་བྱེད་པས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཡོན་དང་མང་ཚོགས་ཚོས་ཕུགས་བསམ་དད་སེམས་ཀྱི་སྟོབས་ཤུགས་ཆེན་པོ་ཚོར་ཐུབ་པ་བྱེད་དགོས། ཏང་ཡོངས་ཀྱིས་ངེས་པར་དུ་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་རིམ་ཁག་རྩ་འཛུགས་ཀྱིས་ངེས་པར་དུ་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་དམ་འཛིན་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དང་ལྷག་དོན་དུ་མཐོ་རིམ་ལས་བྱེད་པས་ངེས་པར་དུ་རང་རྟོགས་ངང་སློབ་སྦྱོང་ལ་དམ་འཛིན་དང་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས།
         ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་ཏང་གི་གཞི་རྩའི་ལམ་ཕྱོགས་ནི་ཏང་དང་རྒྱལ་ཁབ་ཀྱི་ཚེ་སྲོག་ལམ་བུ་དང་མི་དམངས་ཀྱི་བདེ་སྐྱིད་ལམ་བུ་ཡིན་ལ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་རྒྱུན་གཏན་ངང་སྤེལ་བའི་རྩ་བའི་འགན་ལེན་ཞིག་ཡིན། དེར་བརྟེན་ངེས་པར་དུ་ཏང་གི་གཞི་རྩའི་ལམ་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་མཐར་ཕྱིན་བྱས་ཏེ་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱ་རྒྱུ་དང་རྩ་བའི་རྩ་དོན་བཞི་མཐའ་འཁྱོངས་དང་སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་ཀྱི་གཞི་རྩའི་གནས་དེ་གཉིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་ལག་ལེན་ཁྲོད་གཅིག་གྱུར་ཡོང་བ་བྱེད་དགོས་པ་མ་ཟད། ག་དུས་ཡིན་ནའང་གཡོ་སྒུལ་སྤུ་ཙམ་ཡང་གཏོང་མི་རུང་། ཏང་ཡོངས་ཀྱིས་ངེས་པར་དུ་སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་དམ་འཛིན་ཡག་པོ་བྱེད་རྒྱུ་དེ་ཏང་གི་སྲིད་འཛིན་རྒྱལ་དར་གྱི་ལས་འགན་ཨང་དང་པོར་བརྩི་དགོས། རྩ་བའི་རྩ་དོན་བཞི་མཐའ་འཁྱོངས་བྱེད་པའི་རྩ་བ་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གཞུང་མ་ལག་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་མཐའ་འཁྱོངས་བཅས་བྱ་རྒྱུ་དེ་ཡིན། ངེས་པར་དུ་རིག་གཞུང་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད། རིག་གནས་གསར་གཏོད་བཅས་དང་དེ་བཞིན་ཕྱོགས་ཁག་གི་གསར་གཏོད་ལ་སྐུལ་འདེད་གཏོང་ཕོད་པ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཕྱི་ཕྱོགས་ལ་སྒོ་དབྱེའི་གཞི་རྩའི་རྒྱལ་ཇུས་ལག་བསྟར་བྱེད་དགོས། ངེས་པར་དུ་ཏང་གི་བསམ་བློའི་ལམ་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་དེ་ཏང་གི་གཞི་རྩའི་ལམ་ཕྱོགས་ལག་བསྟར་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ལག་ལེན་ཁྲོད་བདེན་དོན་ལ་ཞིབ་དཔྱད་དང་བདེན་དོན་འཕེལ་རྒྱས་བཏང་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པར་རྟོག་ཞིབ་དང་གདམ་གསེས་བྱེད་སྐབས་་ངེས་པར་དུ་དང་ཐོག་ཏང་གི་གཞི་རྩའི་ལམ་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ཡོད་མེད་ལ་ལྟ་དགོས། ཏང་ཡོན་དང་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་ཡིན་མིན་ཆེན་པོའི་མདུན་དུ་རྣམ་འགྱུར་གསལ་ལ་མི་གསལ་བྱེད་མི་རུང་བ་དང་། གཞི་རྩའི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་གཡོ་འགུལ་གཏོང་མི་རུང་ལ་ནོར་འཁྲུལ་གྱི་གཏམ་བརྗོད་ཀྱི་གཞན་དབང་དུ་ཚུད་མི་རུང་།
         ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ་དང་། ཏང་ཡོངས་ཀྱིས་གང་གསུང་དེ་སྒྲུབ་བྱ་རྒྱུ་འགན་ལེན་བྱེད་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་གྱི་གནས་ས་ཡིན་ལ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བའི་དམིགས་ཡུལ་གལ་ཆེན་ཞིག་ཀྱང་ཡིན། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པར་དང་ཐོག་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས། རྒྱལ་ཁབ་ཅིག་དང་སྲིད་ཏང་ཞིག་ལ་འགོ་ཁྲིད་ཀྱི་སྲོག་ཤིང་ནི་གལ་འགངས་ཆེ་ཤོས་ཡིན། ཏང་ཡོངས་ཀྱིས་ངེས་པར་དུ་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། ཏང་གི་རིམ་ཁག་རྩ་འཛུགས་དང་ཏང་ཡོན་ཡོངས་དང་ལྷག་པར་དུ་མཐོ་རིམ་འགོ་ཁྲིད་ལས་བྱེད་པས་ཏང་ཀྲུང་དབྱང་ལ་མིག་ལྟོས་དང་། ཏང་གི་རིག་གཞུང་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིས་ཇུས་བཅས་ལ་མིག་ལྟོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་མིག་ལྟོས་བཅས་བྱས་ཏེ་ཏང་ཀྲུང་དབྱང་གིས་གྲོས་འགོ་བཏོན་རིགས་དང་ལེན་མཐའ་གཅིག་ཏུ་ཞུ་བ་དང་། ཏང་ཀྲུང་དབྱང་གིས་གཏན་འབེབས་གནང་རིགས་ལག་ལེན་མཐའ་གཅིག་ཏུ་བསྟར་བ། ཏང་ཀྲུང་དབྱང་གིས་བཀག་འགོག་བྱེད་རིགས་མཐའ་གཅིག་ཏུ་མི་སྒྲུབ་པ་བཅས་ཐུབ་པ་བྱེད་དགོས།

【1】  【2】  【3】