མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་30ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་16ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་ཧུའེ་རེན་ཚོམས་ཆེན་དུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། དུས་བབ་གསར་པའི་འོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་ཞིག་བཟོ་རྒྱུ་དང་《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་(ཚོད་ལྟའི་ལག་ལེན་)》བཟོ་བཅོས་རྒྱག་རྒྱུའི་ཐད་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཡུས་ཀྲེང་ཧྲེང་དང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན་བཞུགས་མོལ་ཚོགས་འདུར་ཕེབས་པ་རེད།
         བཞུགས་མོལ་ཚོགས་འདུའི་ཐོག ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཨོ་ཤང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲང་པའོ་ཝུན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་ཁྲང་ཀྲེ་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད།
         ཚང་མས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གུང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་“ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ནང་བཅུག་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་རྨང་གཞིའི་རང་བཞིན་དང་། འགག་རྩའི་རང་བཞིན། གནད་ཆེའི་རང་བཞིན་བཅས་ཀྱི་གནད་དོན་ཐག་གཅོད་ལ་ཤུགས་བརྒྱབ་པ་ལས། ཀྲུང་གོ་གུང་ཁྲན་ཏང་ཆབ་སྲིད་ཐད་རིག་པ་དྭངས་གསལ་དང་། ལོ་རྒྱུས་ཐད་འགན་འཁུར་ཕོད་པ། འདོད་ཚུལ་བརྟན་པོ་བཅས་ཡོད་པ་གང་ལེགས་མཚོན་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བཏོན་པའི་གཏན་འབེབས་བཞིན་ཏང་སྐྱོང་བ་དང་ལམ་ལུགས་ཀྱི་རླུང་ཙི་ཚགས་དམ་དུ་གཏོང་བའི་བྱ་ཐབས་གལ་ཆེན་རབ་དང་རིམ་པ་དག་སྔར་བས་ལམ་ལུགས་ཅན་དང་ཚད་གཞི་ཅན་དུ་སྒྱུར་དགོས་པ་དང་། ཏང་ནང་ཁུལ་དུ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ་དང་རུལ་འགོག་འགྱུར་འགོག་སོགས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་དུས་ཐོག་ཏུ་གསེད་བཀྲོལ་བྱེད་དགོས་པ། སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་མཐོ་ཚད་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་གཏོང་དགོས་ལ། ཏང་ནང་ཁུལ་དུ་ལྟ་སྐུལ་བྱེད་ཤུགས་ཀྱང་ཆེ་རུ་གཏོང་དགོས་པ་བཅས་ཀྱི་གྲོས་འགོ་ཡང་བཏོན་པ་རེད།
         ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་རྒྱག་པ་དང་ཚད་ལྡན་དུ་གཏོང་བ་ནི་རང་རེའི་ཏང་གི་རང་ངོས་འཛུགས་སྐྱོང་བྱེད་པའི་ནང་དོན་གལ་ཆེན་ཞིག་རེད་ལ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང“ནན་གསུམ་དྲང་གསུམ”ལག་བསྟར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་རེད། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་རྒྱག་པ་དང་ཚད་ལྡན་དུ་གཏོང་བ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་སྐྱོང་མཐའ་འཁྱོངས་བྱེད་དགོས་ཞེས་པའི་བརྗོད་དོན་ནང་ལྡན་དགོས་ངེས་ཀྱི་ནང་དོན་ཞིག་དང་། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཉམས་མྱོང་གལ་ཆེན་ཞིག ཀྲུང་གོ་གུང་ཁྲན་ཏང་གིས་མིག་སྔའི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ལྷག་པའི་གནད་དོན་མངོན་གསལ་དོད་རིགས་ཐག་གཅོད་བྱེད་པའི་དགོས་མཁོ་གལ་ཆེན་ཞིག་རེད། དམ་ཞིང་ནན་པའི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པའི་མཚོན་ཚུལ་གལ་ཆེན་དང་འགན་ལེན་གལ་ཆེན་ཞིག་རེད་ལ། སྲིད་ཏང་གཞན་དང་མི་འདྲ་བའི་ཀྲུང་གོ་གུང་ཁྲན་ཏང་གི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་ཀྱང་རེད། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བཞིན་ཡོད་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་ཆེད་འབད་འཐབ་ཀྱང་བྱེད་བཞིན་ཡོད། “ཚོད་བགམ་ཆེན་པོ་བཞི”དང“ཉེན་ཁ་མི་འདྲ་བ་བཞི”འཕྲད་པའི་གནས་ཚུལ་འོག ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་ཀྱི་ཁྱད་ཆོས་ལྡན་པའི་རླབས་ཆེན་འཐབ་རྩོད་ཀྱི་རྒྱལ་ཁ་གསར་པ་མང་པོ་ལེན་དགོས་ན། ངེས་པར་དུ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་རྒྱག་པ་དང་ཚད་ལྡན་དུ་གཏོང་བ་དང་། རང་གིས་རང་གཙང་སེལ་བྱེད་པ། རང་གིས་རང་འཐུས་སྒོ་ཚང་དུ་གཏོང་བ། རང་གིས་རང་གསར་བཅོས། རང་གིས་རང་མཐོ་རུ་གཏོང་བ་བཅས་ཀྱི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་འབྲེལ་འཕེལ་རྒྱས་ཀྱང་གཏོང་བ། སྲིད་འཛིན་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། ཏང་འཛུགས་སྐྱོང་གི་རླབས་ཆེའི་འདུ་འགོད་གསར་པར་སྐུལ་འདེད་སྔར་བས་ཡག་པོ་གཏོང་དགོས་ཞེས་བསྟན་གནང་བ་རེད།
        ཞིས་ཅིན་ཕིང་གིས་ཏང་ནང་ཁུལ་གྱི་ལྟ་སྐུལ་ནི་ཀྲུང་གོ་གུང་ཁྲན་ཏང་གི་རང་ངོས་འཛུགས་སྐྱོང་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་ལ། འགན་ལེན་གལ་ཆེན་ཞིག་ཀྱང་རེད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ངེས་པར་དུ་བྱེད་པོའི་འགན་འཁྲི་ཟད་པ་དང་། ལྟ་སྐུལ་གྱི་འགན་འཁྲི་སྟོང་པར་ལུས་པ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ལྷུག་པ་བཅས་ཀྱི་གནད་དོན་རྩ་བ་ཉིད་ནས་ཐག་གཅོད་བྱེད་དགོས། གནད་དོན་དེ་དག་ཐག་གཅོད་བྱེད་པར་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་རྒྱག་དགོས། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་རྒྱག་དགོས་ན། ངེས་པར་དུ་ཏང་འཛུགས་སྐྱོང་ལ་ཤུགས་རྒྱག་པ་དང་ཏང་ནང་ཁུལ་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བའི་ལག་ལེན་དང་འཚོལ་ཞིབ་དག་དུས་ཐོག་ཏུ་ལམ་ལུགས་ཀྱི་གྲུབ་འབྲས་སུ་སྒྱུར་བ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་ལམ་ལུགས་དུས་བསྟུན་འཕེལ་རྒྱས་གཏོང་བ། ལམ་ལུགས་ཀྱི་རླུང་ཙི་ཚགས་དམ་དུ་གཏོང་བ་བཅས་བྱས་ནས་འགན་འཁྲི་གསལ་པོ་དང་། བྱེད་པོ་ཁ་གསལ། ལམ་ལུགས་ཕན་ཡོད། གོ་ཆོད་ནུས་ལྡན་བཅས་ཡོང་བ་བྱེད་དགོས་ཞེས་བསྟན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཡུན་རིང་མ་སོང་གོང་ཀྲུང་གུང་ཀྲུང་དབྱང་གིས་མངགས་བཅོལ་བྱས་པ་བརྒྱུད། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུས་ཁྱེད་ཚོར་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་གྲོས་གཞིར་བསམ་འཆར་གང་ཡོད་པ་ཆེད་མངགས་དྲིས་པ་རེད། བློ་མཐུན་ཚོས་རིན་ཐང་ཆེ་བའི་གྲོས་འགོ་མང་པོ་བཏོན་པ་ལས་འཆར་ཟིན་ཡིག་ཆ་བཟོ་བར་གཞི་འཛིན་ས་གལ་ཆེན་བྱུང་ཡོད། ད་གིན་ཚང་མས་ཡིག་ཆའི་མ་ཟིན་ལ་རིན་ཐང་ཆེ་ལ་ལྟ་ཚུལ་མི་འདྲ་བའི་གྲོས་འགོ་མང་པོ་བཏོན་པ་ལས་ཡིག་ཆའི་མ་ཟིན་བཟོ་བཅོས་རྒྱག་པར་ཕན་ཐོགས་ཆེན་པོ་ཡོད། ང་ཚོས་ཀྱང་ནན་ཏན་ངང་ཞིབ་འཇུག་དང་བསྡུ་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། མཇུག་ཏུ་ཞིས་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚང་མར་ཐུགས་རྗེ་ཆེ་ཞུས་པ་རེད།

  
2016-10-19 2016-10-14