མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ཏེ་ཀྲུང་གོ་གསོ་རིག་ཚན་རིག་ཁང་བཙུགས་ནས་
ལོ་60འཁོར་བར་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་30ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གནང་བ་དང་འབྲེལ་རྟེན་འབྲེལ་ཞུས་པ། 
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་28ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ཏེ་ཀྲུང་གོ་གསོ་རིག་ཚན་རིག་ཁང་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུས་པ་དང་། རང་རྒྱལ་གྱི་སྨན་བཅོས་འཕྲོད་བསྟེན་ཁོངས་གཏོགས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པ་དང་ལས་བྱེད་ལས་བཟོ་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གནང་བ་དང་འབྲེལ་རྟེན་འབྲེལ་ཞུས་པ་རེད།
         ཞིས་ཅིན་ཕིང་གིས་འཕྲིན་ཡིག་ནང་། ལོ་60ཡི་རིང་། ཀྲུང་གོ་གསོ་རིག་ཚན་རིག་ཁང་ནི་རང་རྒྱལ་གྱི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་རྒྱལ་ཁབ་རུ་ཁག་དང་སྣེ་ཁྲིད་དམག་ཅིག་ཡིན་པའི་ངོས་ནས་གསར་འབྱེད་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་གྱིས་ནད་གཞི་ཚབས་ཆེན་འགོག་བཅོས་དང་། གསོ་རིག་ཚན་རྩལ་འཕེལ་རྒྱས་དང་གསར་གཏོད། གསོ་རིག་ཤེས་ལྡན་མི་སྣ་རྩེ་གྲ་གསོ་སྐྱོང་། གསོ་རིག་ཚན་རྩལ་གྲུབ་འབྲས་འཕོ་འགྱུར། སྨན་བཅོས་འཕྲོད་བསྟེན་འཐབ་ཇུས་ཞིབ་འཇུག་སོགས་ཀྱི་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་ནས། རང་རྒྱལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་དང་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བསྟན་ཡོད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་གསོ་རིག་ཚན་རིག་ཁང་གིས་ཁང་དེ་ཉིད་བཙུགས་ནས་ལོ་60འཁོར་བའི་དུས་འདི་འགོ་འཛུགས་ས་གསར་པར་བྱས་ཏེ། གོ་སྐབས་དམ་འཛིན་དང་དཀའ་ངལ་ལ་མ་སྐྲག་པར་མདུན་དུ་བསྐྱོད་ནས། ཀྲུང་གོ་གསོ་རིག་ཚན་རིག་ཁང་རང་རྒྱལ་གྱི་གསོ་རིག་ཚན་རྩལ་གསར་གཏོད་མ་ལག་གི་རྟེན་གཞི་གཙོ་བོར་ཧུར་ཐག་སྐྲུན་པ་དང་མུ་མཐུད་ལེའུ་གསར་པ་རྩོམ་དགོས་པའི་ཐུགས་རེ་གནང་བ་རེད།