མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནི་འགོ་ཁྲིད་ཀྱི་སྟོབས་ཤུགས་བརྟན་པོ་ཡོང་བ་
བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་31ཉིན། 15:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         —— ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་ པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་གླེང་ཐེངས་དང་པོ།
         རྒྱལ་ཁབ་སྐྱོང་བར་ངེས་པར་དུ་སྔོན་ལ་ཏང་སྐྱོང་དགོས་པ་དང་ཏང་སྐྱོང་བར་ངེས་པར་དུ་ནན་པོ་བྱེད་དགོས།
         ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་བརྗོད་བྱ་གཙོ་བོ་གསོན་ཉམས་ལྡན་པ་ཞིག་རེད།
         རྒྱལ་ཁའི་ངང་གྲོལ་མ་ཐག་པའི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་འཕྲད་པའི་དུས་བབ་དང་ལས་འགན་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་པ་དང་། ཉེ་བའི་ལོ་ཤས་ནང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་ཕྱོགས་སྡོམ་ཞིབ་ཕྲ་བྱས་པ་དང་། 《དུས་བབ་གསར་པའི་འོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག་》དང་《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ་དུས་བབ་གསར་པའི་འོག་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་བཀོད་སྒྲིག་གསར་པ་དེ་བས་གལ་ཆེ་བ་བྱས་པ་དེ་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་མ་གཏོང་བའི་ཆོད་སེམས་བརྟན་པོ་དང་ལོ་རྒྱུས་ཀྱི་འགན་འཁྲི་གང་ལེགས་མཚོན་ཡོད་ལ་ཏང་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་ཡང་མཚོན་ཡོད། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་ངེས་པར་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་ངོས་འཛིན་དང་ཤེས་རྟོགས་དེ་བས་ཟབ་པ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་མ་གཏོང་དགོས།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལག་ལེན་ལ་ཕྱིར་དྲན་བྱས་ན་འགག་རྩ་ནི“ནན་པོ”ཞེས་པ་དེ་ཡིན། མདོར་བསྡུས་ན། གཙོ་བོ་ཕྱོགས་དྲུག་ཐད་ཀྱི་ནན་པོ་ཡོང་བ་བྱེད་དགོས་པ་སྟེ། བསམ་བློའི་ཐད་ནན་པོ་ཡོང་བར་དམ་འཛིན་བྱས་ཤིང་། ཏང་ཡོངས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་ཕུགས་བསམ་དད་སེམས་བརྟན་དུ་བཏང་ནས“གདེང་ཚོད་བཞི”ཆེ་རུ་བཏང་བ་དང་། ཏང་ནན་པོས་སྐྱོང་རྒྱུར་དམ་འཛིན་བྱས་ཤིང་། ཏང་ཡོངས་སྣེ་ཁྲིད་ཀྱིས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་ནས་རིམ་ཁག་ཏང་རྩ་འཛུགས་ཀྱི་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འདུ་ཤེས་དང་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་བ། སྒྲིག་ཁྲིམས་ནན་པོས་སྐྱོང་རྒྱུར་དམ་འཛིན་བྱས་ཤིང་། སྒྲིག་ཁྲིམས་སྔོན་ལ་བཞག་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་ནས་ཏང་ཡོངས་མཐུན་སྒྲིལ་གཅིག་གྱུར་དང་གོམ་སྟབས་གཅིག་མཚུངས་ཡོང་བ་བྱས་པ། དཔོན་རིགས་བཅོས་སྐྱོང་ལ་དམ་འཛིན་བྱས་ཤིང་། མི་སྤྱོད་ཐད་ཀྱི་ཚུལ་མིན་སྤྱོད་ཚུལ་བཅོས་སྒྲིག་ཧུར་ཐག་བྱས་ནས་མི་འདེམས་སྤྱོད་ཐད་ཀྱི་ཁོར་ཡུག་ལེགས་སུ་བཏང་བ། སྤྱོད་ཚུལ་ནན་སྐྱོང་ལ་དམ་འཛིན་བྱས་ཤིང་། དེ་སྔ་ཐག་གཅོད་ཐུབ་ཨེ་ཡོང་སྙམ་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ་ཏང་སྲོལ་སྲིད་སྲོལ་ལེགས་སུ་འགྲོ་རྒྱུར་སྐུལ་མ་ཧུར་ཐག་བཏང་བ། རུལ་སུངས་ལ་ངོ་རྒོལ་ནན་པོ་བྱ་རྒྱུར་དམ་འཛིན་བྱས་ཤིང་། “སྟག་སྦྲང”མཉམ་རྡུང་མཐའ་འཁྱོངས་ཀྱིས་ལམ་ལུགས་ཀྱི་རླུང་ཙི་དམ་དུ་ཧུར་ཐག་བཏང་བ་བཅས་སོ། ལོ་གསུམ་ལྷག་ཙམ་ནང་ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱངས་བས་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ཏང་སྲོལ་སྲིད་སྲོལ་དང་དམངས་སྲོལ་ལས་མངོན་པའི་རྣམ་པ་གསར་པར་ཏང་སེམས་དང་དམངས་སེམས་ཐོབ་ནས་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་ཀྱི་གདམ་ག་ནི་རྦད་དེ་ཡང་དག་ཡིན་པ་གང་ལེགས་མངོན་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཐད་དྲང་ནུས་ཆེན་པོ་གཅིག་ཏུ་འདུས་པ་དང་། ཏང་དང་རྒྱལ་ཁབ་བྱ་གཞག་གི་རྣམ་པ་གསར་པ་གཏོད་རྒྱུར་འགན་ལེན་གལ་ཆེན་བྱུང་ཡོད།
         “ཀྲུང་གོའི་བྱ་གཞག་ཡག་པོ་སྒྲུབ་པའི་འགག་རྩ་ནི་ཏང་ལ་ཐུག་པ་དང་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་རྒྱུ་དེ་ཡིན” ཏང་ཡོངས་ཀྱིས་ངེས་པར་དུ་ངོས་འཛིན་གཏིང་ཟབ་བྱེད་དགོས་པར་གལ་སྲིད་ཏང་ལ་དོ་དམ་ཡག་པོ་མ་བྱུང་བ་དང་ཏང་ནན་པོས་སྐྱོང་མ་ཐུབ་ཚེ་མི་དམངས་མང་ཚོགས་ཀྱིས་གླེང་མང་ལ་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་མ་ཐུབ་པར་ལུས་ན་རང་རེའི་ཏང་གི་སྲིད་སྐྱོང་ཐད་འགྲན་རྩོད་ནན་པོ་འཕྲད་རྒྱུ་ཡིན་པ་དང་ཆབས་ཅིག་གལ་སྲིད་ང་ཚོས་ཐག་གཅོད་རགས་ཙམ་བྱུང་བའི་གནད་དོན་བསྐྱར་ལོག་དང་རྣམ་པ་བསྐྱར་ཐོན་བྱས་ཚེ་དམངས་ཀྱི་ཡིད་ཆེས་མ་ཐོབ་པར་རང་རེའི་ཏང་ལ་ཉེན་ཁ་དེ་བས་ཆེ་བ་འཕྲད་སྲིད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཕྱོགས་ཚང་མའི་ཐད་ཤུགས་སྣོན་རྒྱག་དགོས་ལ་གཙོ་གནད་ཐད་ནུས་པའང་འདོན་དགོས་ངེས་རེད། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་བཟོ་བ་དང་ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུ་ནི་དུས་བབ་གསར་པའི་འོག་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་དཔྱད་གཞི་གལ་ཆེན་ཡིན་ལ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཀྱང་ཡིན། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་ཞིག་ནི་དུས་བབ་གསར་པའི་འོག་ཏང་འཛུགས་སྐྱོང་གི་ཁྱད་ཆོས་གསར་པར་གཞིགས་ནས་བཀོལ་སྤྱོད་ཤུགས་ཆེན་ལྡན་པའི་ཆབ་སྲིད་ཀྱི་རྩ་དོན་དང་ཆབ་སྲིད་ཀྱི་ལམ་ལུགས་འགའ་ཞིག་གཏན་འཁེལ་བྱས་ནས་ཕྱོགས་12ཐད་ཞིབ་ཕྲའི་གཏན་འཁེལ་བྱས་པ་ནི་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ལྷུག་ལ་ནུས་མེད་ཟབ་ཟོབ་ཀྱི་རྣམ་པ་ཐག་གཅོད་བྱས་ནས་ཏང་གི་འགོ་ཁྲིད་བརྟན་ལ་ནུས་པ་ལྡན་པ་ཞིག་ཡོང་བ་བྱ་རྒྱུ་དེ་རེད།
          ཏང་གི་སྲིད་སྐྱོང་གནས་བབ་ཀྱིས་ཏང་ནང་ཁུལ་ལ་ལྟ་སྐུལ་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་རྣམ་པ་སྣ་ཚོགས་ཁྲོད་ཆེས་གཞིས་རྩ་དང་ཨང་དང་པོ་ཡིན་པ་གཏན་འཁེལ་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་ནི་དུས་བབ་གསར་པའི་འོག་ཏང་ནང་ཁུལ་དུ་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པའི་རྩེ་རིམ་ཇུས་འགོད་ཅིག་ཡིན་པས་ངེས་པར་དུ་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ནས་དེ་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་བྱ་སྤྱོད་ཚད་ལྡན་བཟོ་བའི་གཅུན་སྡོམ་ནན་པོ་ཞིག་ལ་འགྱུར་བ་བྱེད་དགོས། ཚད་གཞི་དང་སྲོལ་ཡིག་ནང་ངོས་གཅིག་གྱུར་དང་གཅིག་རམ་གཅིག་འདེགས་བྱས་པ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལམ་ལུགས་གལ་ཆེན་དང་ཁྲིམས་སྲོལ་འགན་ལེན་ཞིག་ཡིན།
          མིག་སྔར་རང་རྒྱལ་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སླེབས་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཕྱོགས་སུ་བསྐྱོད་པའི་འགག་རྩའི་དུས་སྐབས་སུ་སླེབས་པས་འགལ་བ་སྣ་ཚོགས་རྩེག་སྣོན་དང་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་འཛོམས་ནས་ང་ཚོ་མདུན་སྐྱོད་བྱེད་པའི་ལམ་བུའི་ཐོག་གི་“འགལ་རྐྱེན”དང“བཀག་རྡོར”གྱུར་ཡོད། ཏང་འདི་ཉིད་དེ་བས་སྲ་ཞིང་བརྟན་ལ་ནུས་པ་ལྡན་པ་ཞིག་འཛུགས་སྐྱོང་ཐུབ་ཚེ། རང་རེའི་ཏང་འདི་ཉིད་ཀྱིས་གཞི་ནས་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འགྲན་སློང་ཆེན་པོར་ཁ་གཏད་གཅོག་པ་དང་། ཉེན་ཁ་ཆེན་པོ་འགོག་པ། འགལ་རྐྱེན་ཆེན་པོ་ཁྱད་བསད་བྱེད་པ། འགལ་བ་ཆེན་པོ་ཐག་གཅོད་བྱེད་པ་བཅས་བྱས་ནས་ལེགས་ཆ་ལྡན་པ་དང་། རང་འགུལ་ལྡན་པ། འབྱུང་འགྱུར་ལྡན་པ་བཅས་ཡོང་ཐུབ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ནང་བཅུག་པ་ནི་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་རང་རེའི་ཏང་གིས་འཛམ་གླིང་གི་གནས་ཚུལ་དང་། རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་བཅས་འགྱུར་ལྡོག་འགྲོ་བར་ཁ་གཏད་གཅོག་པའི་ལྡོག་མེད་ཀྱི་གདམ་ག་ཞིག་རེད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་བློ་བརྟན་འགྱུར་མེད་ངང་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུ་དེ་རང་རེའི་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་སྟོབས་ཤུགས་སུ་འགྱུར་རྒྱུ་འགན་ལེན་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། ཏང་ཡོངས་ཀྱི་བློ་མཐུན་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱེད་པ་དང་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་བཙུགས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་དབང་གྲགས་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་སྲུང་སྐྱོང་བྱས་ཐོག་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཏུ་བཏང་ཚེ། རང་རེའི་ཏང་འདི་ཉིད་ཀྱིས་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྣམ་པ་གསར་པ་ཞིག་རྒྱུན་ཆད་མེད་པར་གཏོད་དེ་ལོ་རྒྱུས་དང་མི་དམངས་ལ་དེ་བས་ཕུལ་བྱུང་གི་འདྲི་ཤོག་ཅིག་འབུལ་ཐུབ་ངེས་རེད།

  
2016-10-19 2016-10-14