མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་
ཀྱི་བཟོ་ཚོང་འགོ་ཁྲིད་མི་སྣའི་དབུ་ཚོགས་ལ་ཕེབས་པ་དང་འབྲེལ་
བཞེད་དོན་གཏམ་བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་22ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་
ཀྱི་བཟོ་ཚོང་འགོ་ཁྲིད་མི་སྣའི་དབུ་ཚོགས་ལ་ཕེབས་པ་དང་འབྲེལ་
བཞེད་དོན་གཏམ་བཤད་ཀྱང་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་19ཉིན་2016ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་མི་སྣའི་དབུ་ཚོགས་ཕེ་རུའི་གྲོང་ཁྱེར་ལི་མ་རུ་འཚོགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གདན་ཞུས་ལྟར་དབུ་ཚོགས་ལ་ཕེབས་པ་དང་འབྲེལ་《རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས་》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཏམ་བཤད་གནང་སྟེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱིས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་ཆེད་སྒུལ་ཤུགས་གསར་པ་བསྣན་ཏེ་འཛམ་གླིང་གི་དཔལ་འབྱོར་འཕར་ཆེད་ལམ་བུ་གསར་པ་བཏོད་ཡོད། ཀྲུང་གོས་རང་ངོས་འཕེལ་རྒྱས་ཡོང་ཐབས་བྱེད་པ་དང་དུས་མཚུངས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་ཐུན་མོང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཧུར་ཐག་བྱས་ནས་ས་ཁུལ་དེ་གའི་མི་དམངས་ལ་གོ་སྐབས་དེ་བས་མང་བ་བསྐྲུན་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་མིག་སྔར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་དེ་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་སུ་གནས་ཡོད། གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་གཞི་ཁྱོན་ཆེ་ཤོས་དང་འཕེལ་རྒྱས་ཀྱི་གསོན་ཤུགས་ལྡན་ཤོས་ཀྱི་ས་ཁུལ་ཞིག་ཡིན་པའི་ངོས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱིས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་ནུས་ལྡན་མཐུན་སྦྱོར་གྱི་བྱ་སྤྱོད་སྤེལ་ནས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་ཆེད་སྒུལ་ཤུགས་གསར་པ་བསྣན་ཏེ་འཛམ་གླིང་གི་དཔལ་འབྱོར་འཕར་ཆེད་ལམ་བུ་གསར་པ་གཏོད་དགོས།
         དེའང་གཅིག་ནས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་ནས་སྒོ་འབྱེད་རྣམ་པའི་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས། ང་ཚོས་འདྲ་མཉམ་གྲོས་མོལ་དང་། ཐུན་མོང་ཐོག་ཞུགས་པ། ཕན་འབྲས་རྒྱ་ཁྱབ་ཐོབ་པ་བཅས་ཀྱི་ས་ཁོངས་མཉམ་ལས་སྒྲོམ་གཞི་བཏོད་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས། ཉོ་ཚོང་དང་མ་འཇོག་གི་སྒུལ་ཤུགས་ནུས་པ་བསྐྱར་གསོ་བྱས་ནས་རང་མོས་ཉོ་ཚོང་བཀོད་སྒྲིག་གི་སྒོ་དབྱེའི་རང་བཞིན་དང་བསྟུན་མཁས་རང་བཞིན་ཆེ་རུ་བཏང་ནས་ཕྱོགས་མང་ཉོ་ཚོང་གི་སྒྲིག་གཞི་སྲུང་སྐྱོང་བྱེད་དགོས། དཔལ་འབྱོར་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་དྲང་གཞག་དྲང་བདེན་གྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ་དཔལ་འབྱོར་གོ་ལ་ཧྲིལ་པོའི་འཕེལ་རིམ་ལ་དེ་བས་གསོན་ཤུགས་ལྡན་པ་དང་། དེ་བས་བསྟུན་མཁས་ཐུབ་པ། དེ་བས་རྒྱུན་མཐུད་ཐུབ་པ་བཅས་བྱས་ནས་རྒྱ་ཆེའི་དམངས་ཚོགས་ཀྱི་ཞུགས་སེམས་དང་། ཐོབ་སེམས། བདེ་སྐྱིད་ཚོར་སེམས་བཅས་ཆེ་རུ་གཏོང་དགོས་པ་དང་།
         གཉིས་ནས་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་བཏང་ནས་མཉམ་འགུལ་འཕེལ་རྒྱས་ཡོང་བ་བྱེད་དགོས། ང་ཚོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་ཕྱོགས་གང་སར་ཁྱབ་པ་དང་མཉམ་འདྲེས་རྣམ་པའི་ཕན་ཚུན་སྦྲེལ་མཐུད་ཀྱི་དྲ་རྒྱ་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་པེ་ཅིང་གི་ཚོགས་འདུའི་ཐོག་གཏན་འཁེལ་བྱས་པའི་ཕན་ཚུན་སྦྲེལ་མཐུད་ཀྱི་འཆར་གཞི་དོན་འཁྱོལ་གཏིང་ཟབ་བྱས་ནས་2025ལོར་སླེབས་སྐབས་ཕྱོགས་ཡོངས་ནས་སྦྲེལ་མཐུད་ཐུབ་པའི་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས། ཀྲུང་གོས་ཕྱོགས་ཁག“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ནང་ཞུགས་རྒྱུར་དགའ་བསུ་ཞུས་ཏེ་གོ་སྐབས་མཉམ་སྤྱོད་དང་ཐུན་མོང་ཐོག་འགྲན་སློང་བསུས་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱེད་པ།
         གསུམ་ནས་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་བཏང་སྟེ་ནང་ངོས་སྒུལ་ཤུགས་ཆེ་རུ་གཏོང་དགོས། ང་ཚོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་པེ་ཅིང་གི་ཚོགས་འདུ་དང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་ཧང་ཀྲོའུ་དབུ་ཚོགས་ཐོག་བྱུང་བའི་ཐུན་མོང་ངོས་འཛིན་དང་རྩ་དོན་དོན་འཁྱོལ་ཡག་པོ་བྱས་ནས་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དང་། སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་ཡོང་རྒྱུར་ཤུགས་སྣོན་རྒྱག་པ། གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་དང་། བྱ་ཐབས། ཐབས་ལམ་བཅས་གསར་གཏོད་བྱེད་མགྱོགས་སུ་གཏོང་བ། གོ་ལ་ཧྲིལ་པོའི་རིན་ཐང་འབྲེལ་ཐག་ཁྲོད་ཐོན་ལས་དང་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ།
         བཞི་ནས་མཉམ་ལས་གཉིས་ཁེ་ཡོང་རྒྱུར་སྐུལ་འདེད་བཏང་ནས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་དགོས། ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཕྱོགས་གཉིས་ཀའི་འབྲེལ་བ་ཇེ་ལེགས་སུ་གཏོང་དགོས། ས་ཁོངས་མཉམ་ལས་ཀྱི་གཏིང་ཟབ་ཚད་དང་ཁྱབ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ཐུན་མོང་ཐོག་ལས་སྟེགས་སྐྲུན་པ་དང་ཐུན་མོང་ཐོག་སྒྲིག་སྲོལ་བཟོས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དགོས། འདྲ་མཉམ་ཐོག་ཞུགས་པ་དང་། མཐུན་སྦྱོར་ཧུར་ཐག ཕན་ཚུན་རོགས་རམ། ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བཅས་བྱས་ཏེ་སྐྱོན་བྲལ་དང་བརྟན་ལྷིང་གི་འཕེལ་རྒྱས་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བཏོད་དེ་རྒྱུ་རྐྱེན་གང་གིས་ཀྱང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་འགོག་རྐྱེན་མི་ཡོང་བ་བྱེད་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད།
          ཞིས་ཅིན་ཕིང་གིས་ཀྲུང་གོས་དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱས་པས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད། འདི་ལོ་ནི་ཀྲུང་གོས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་ལེན་བསྟར་འགོ་ཚུགས་པའི་ལོ་ཞིག་ཡིན་པས། ང་ཚོས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་པ་དང་སྣེ་ཁྲིད་ཧུར་ཐག་བྱས་ཏེ་་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དང་དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ནས་ལུགས་མཐུན་ཁྱབ་ཁོངས་ནང་དཔལ་འབྱོར་འཁོར་སྐྱོད་ཐུབ་པ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།