མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ལས་ཐོག་རྗེས་མ་ཀུའུ་ཐེ་ལེ་སི་
དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་30ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ལས་ཐོག་རྗེས་མ་ཀུའུ་ཐེ་ལེ་སི་
དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་28ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ལས་ཐོག་རྗེས་མ་ཀུའུ་ཐེ་ལེ་སི་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀུའུ་ཐེ་ལེ་སི་སྐབས་རྗེས་མའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་འགན་བཞེས་རྒྱུ་ཡིན་པར་རྟེན་འབྲེལ་ཞུས་གནང་བ་དང་འབྲེལ་ཀུའུ་ཐེ་ལེ་སིས་དྲུང་ཆེའི་ལས་འགན་ཁག་ལག་བསྟར་ཡག་པོ་གནང་རྒྱུར་ཀྲུང་གོས་རྒྱབ་སྐྱོར་བརྟན་པོ་ཞུ་ཡི་ཡིན་ཞེས་ནན་བཤད་གནང་ཞིང་། ཁོང་གིས་ཡོངས་ཁྱབ་རང་བཞིན་དང་། དབང་གྲགས་རང་བཞིན། འཐུས་ཚབ་རང་བཞིན་བཅས་ལྡན་པའི་སྲིད་གཞུང་དབར་གྱི་རྒྱལ་སྤྱིའི་རྩ་འཛུགས་ཤིག་ཡིན་པའི་ངོས་ནས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་འཇལ་བའི་ཁྲོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པ་གཞན་གྱིས་ཚབ་བྱེད་ཐབས་བྲལ་ཡོད། འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་ནས་ལོ་70ལྷག་ཙམ་སོང་རིང་། འཛམ་གླིང་ལ་སྤྱིའི་ཆ་ནས་ཞི་བདེ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྣམ་པ་མངོན་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱས་རྗེས་སུབ་ཐབས་མེད་པ་ཞིག་རེད། རྒྱལ་སྤྱིའི་དུས་བབ་འཕེལ་རྒྱས་དང་འགྱུར་ལྡོག་ཕྱིན་པ་དང་སྦྲགས་རྒྱལ་ཁབ་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་སྒུག་བྱེད་ཤུགས་ཆེ་རུ་སོང་བ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་མོས་མཐུན་བྱེད་ཀྱི་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དར་ཆ་གསལ་སྟོན་གྱིས་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་སྲོལ་》གྱི་སྙིང་དོན་དང་རྩ་དོན་ལ་བརྩི་སྲུང་ཞུ་བ་དང་། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོང་ཧུར་ཐག་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་ངང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་དང་ལྷག་དོན་དུ་2030ལོའི་རྒྱུན་བསྲིང་འཕེལ་རྒྱས་ཀྱི་གྲོས་རིམ་དང་གནམ་གཤིས་འགྱུར་ལྡོག་གི་《ཕ་རི་སིའི་གྲོས་ཆོད་》དོན་འཁྱོལ་ཡག་པོ་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་ལྟ་རྟོག་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེད་དུ་སྐད་ཆ་མང་ཙམ་ཤོད་པ་དང་ལས་དོན་མང་ཙམ་སྒྲུབ་དགོས་ཀྱི་འདུག་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་འདི་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་ནང་ཀྲུང་གོའི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་ནས་ལོ་45འཁོར་བའི་ལོ་ཞིག་རེད། ལོ་45ཡི་རིང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ནས་འཐབ་ཇུས་སྤེལ་རེས་བྱེད་ཤུགས་ཆེ་རུ་དང་དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་བས་ཀྲུང་གོ་ཕྱོགས་དང་མཉམ་འབྲེལ་རྒྱལ་ཚོགས་དབར་གྱི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོས་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་གཞག་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ནང་ཞུགས་པ་དང་རྒྱབ་སྐྱོར་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་བྱ་གཞག་གི་རྒྱབ་སྐྱོར་བ་བརྟན་པོ་ཞིག་དང་། ཕྱོགས་མང་རིང་ལུགས་ཀྱི་ལག་ལེན་པ་བརྟན་པོ་ཞིག མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་སྲོལ་གྱི་སྙིང་དོན་དང་རྩ་དོན་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་གྱི་སྲུང་སྐྱོང་བ་བརྟན་པོ་ཞིག་བཅས་བྱ་རྒྱུ་ཡིན། མཐོ་རིམ་འགྲོ་འོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རིམ་པ་མཐོ་བའི་སྤེལ་རེས་བརྒྱུད་ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་དབར་གྱི་མཉམ་ལས་ཟམ་མི་ཆད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་ཁྲིད་བྱས་ཐོག་ངས་2015ལོར་ཁྱབ་བསྒྲགས་བྱས་པའི་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་གཞག་ལ་རྒྱབ་སྐྱོར་བྱེད་རྒྱུའི་སྐོར་གྱི་བྱ་ཐབས་ཁག་ལ་འབྲས་བུ་སྨིན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།