མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་སི་ར་ལ་ཨོང་གི་ཙུང་ཐུང་ཁོའོ་ལུའོ་མ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་04ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་སི་ར་ལ་ཨོང་གི་ཙུང་ཐུང་ཁོའོ་ལུའོ་མ་དང་གྲོས་མོལ་གནང་བ།

            མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་1ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་སི་ར་ལ་ཨོང་གི་ཙུང་ཐུང་ཁོའོ་ལུའོ་མ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་སི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་གཡོད་ཧན་ནེ་སི་པའོ་དབུ་ཚོགས་ཀྱི་གྲུབ་འབྲས་གོ་སྐབས་སུ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཛའ་གྲོགས་གཉིས་ཕན་མཉམ་ལས་ཕྱོགས་ཡོངས་ནས་རྒྱ་ཆེར་གཏོང་བ་དང་གཏིང་ཟབ་སྤེལ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་སྐྲུན་རྒྱུའི་གཏན་འཁེལ་གནང་བ་རེད།
           ཞིས་ཅིན་ཕིང་གིས་ཀྲུང་སི་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་45སོང་ཚུན། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་ངང་ཕན་ཚུན་ཡིད་ཆེས། གཉིས་ཁེ་གཉིས་ཕན་བཅས་ཡོང་བ་བྱས་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་གནད་དོན་གལ་ཆེན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད། རྒྱལ་ཁབ་གཉིས་པོའི་འབྲེལ་བར་དུས་ཚོད་དང་རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་བའི་ཚོད་བགམ་ཐེག་ནས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་བཏང་ནས་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སི་ར་ལ་ཨོང་ཕྱོགས་དང་མཉམ་དུ་སྲིད་གཞུང་དང་། སྲིད་ཏང་། ཁྲིམས་འཛུགས་སྒྲིག་གཞི། དམག་དཔུང་། ས་གནས་སྲིད་གཞུང་སོགས་ཀྱི་ཁྱབ་ཁོངས་ཁག་དབར་མི་སྣ་འགྲོ་འོང་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད། ཕྱོགས་གཉིས་པོས་གཉིས་ཕན་མཉམ་ལས་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དང་དངུལ་རྩའི་སྒྲིག་གཞི་སི་ར་ལ་ཨོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གཏེར་ལས་གསར་སྤེལ་གཉིས་ཕན་མཉམ་ལས་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་ལྕག་བཏང་ནས་སི་ར་ལ་ཨོང་གི་བཟོ་ལས་ཅན་དང་རང་བརྟེན་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་སི་ར་ལ་ཨོང་ཕྱོགས་ཀྱིས་ཞིང་ལས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་འབྲུ་རིགས་བདེ་འཇགས་ཀྱི་འགན་ལེན་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན། ཕྱོགས་གཉིས་པོས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་གཉིས་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སི་ར་ལ་ཨོང་ཕྱོགས་དང་མཉམ་དུ་རིག་གནས་དང་། སློབ་གསོ། འཕྲོད་བསྟེན། ཡུལ་སྐོར། སྨྱན་སྦྱོར། རིག་མཛོད། གཞོན་ནུ། བུད་མེད་སོགས་ཀྱི་ཁྱབ་ཁོངས་ནང་སྤེལ་རེས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ནད་ཡམས་ལ་མཉམ་འབྲེལ་ཞིབ་འཇུག་ཧུར་ཐག་བྱས་ཏེ་སི་ར་ལ་ཨོང་གི་སྤྱི་པའི་འཕྲོད་བསྟེན་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་སྐྲུན་དང་ནུས་པ་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་པོས་རྒྱལ་སྤྱིའི་ཐོག་རོགས་ལས་ལ་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་སྲུང་སྐྱོང་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
           ཁོའོ་ལུའོ་མས་ཀྲུང་གོ་ནི་སི་ར་ལ་ཨོང་གི་བློས་འགེལ་ཆོག་པའི་གྲོགས་པོ་ངོ་མ་ཞིག་ཡིན། 2014ལོར་སི་ར་ལ་ཨོང་དུ་ཨའེ་པོ་ལའི་རིམས་ནད་ཐོན་ནས་རོགས་རམ་མཁོ་ཤོས་ཀྱི་དུས་སུ་ཀྲུང་གོས་སྔོན་ལ་རོགས་སྐྱོར་བྱེད་མཁན་མངགས་པ་དང་འབྲེལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་བྱ་སྤྱོད་སྤེལ་རྒྱུར་སྐུལ་སློང་བྱས་ཡོད། ངས་ཀྲུའུ་ཞི་ཞིས་ཅིན་ཕིང་དང་། ཀྲུང་གོ་སྲིད་གཞུང་། ཀྲུང་གོའི་མི་དམངས་བཅས་ལ་སླར་ཡང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སི་ར་ལ་ཨོང་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ཀྱི་མཛའ་སེམས་ཟབ་མོ་ཚོར་གྱི་ཡོད། སི་ར་ལ་ཨོང་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཡིད་སྨོན་བྱེད་ཀྱི་ཡོད་ལ་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་གཡོད་ཧན་ནེ་སི་པའོ་དབུ་ཚོགས་ཐོག་བཏོན་གནང་བའི“མཉམ་ལས་ཀྱི་འཆར་གཞི་ཆེན་པོ་བཅུ”དོན་འཁྱོལ་ཡག་པོ་བྱས་ཏེ་སི་ཀྲུང་རྒྱལ་ཁབ་གཉིས་དང་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
           གྲོས་མོལ་གནང་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱི་འབྲེལ་དང་། དཔལ་འབྱོར། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་ལྷན་དུ་དཔང་པོ་གནང་བ་རེད།

  
2016-12-01 2016-11-30