མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ ཅི་ཤིན་ཀོ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་04ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ ཅི་ཤིན་ཀོ་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་བགྲོ་གླེང་ཚོགས་འདུར་ཞུགས་མཁན་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅི་ཤིན་ཀོ་དང་མཇལ་འཛོམས་གནང་བ་རེད།
          ཞིས་ཅིན་ཕིང་གིས་ཅི་ཤིན་ཀོས་དུས་ཡུན་རིང་པོའི་ནང་ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བར་བསྔགས་བརྗོད་གནང་ཞིང་། ཁོང་གིས་རྒྱུན་སྲིང་སྐྱོན་བྲལ་ངང་ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་བརྟན་པོ་ཡོང་བ་བྱེད་པ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་དང་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་དར་རྒྱས་ཡོང་བར་ཡང་ཕན་པ་ཡོད། ཕྱི་འབྲེལ་འབྲེལ་བ་བཙུགས་པ་ནས་བཟུང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་ལག་ལེན་ལས་ཀྲུང་གོ་དང་ཨ་རིའི་དབར་འགལ་བ་ལས་ཐུན་མོང་གི་ཁེ་ཕན་ཆེ་བ་ཡོད་པ་ར་སྤྲོད་ཐུབ་ཡོད། ད་ཆ་ཨ་རི་སྲིད་གཞུང་གསར་རྙིང་བརྗེ་བའི་དུས་མཚམས་སུ་སླེབས་ཡོད། ང་ཚོས་ཨ་རི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་བརྟན་པོའི་ངང་བར་བརྒལ་ཐུབ་ཁར། འགོ་འཛུགས་ས་གསར་པའི་ཐོག་མུ་མཐུད་འཕེལ་རྒྱས་བརྟན་པོ་ཡོང་བ་བྱས་ནས་ལེའུ་གསར་པ་ཞིག་རྩོམ་འདོད་ཡོད་ཅེས་གསུངས།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་འཐབ་ཇུས་འདོད་འདུན་ལ་གོ་བ་ཡང་དག་བླངས་ནས་རང་ཕན་གཞན་གནོད་ཀྱི་འདུ་ཤེས་དོར་ཏེ། འགལ་བ་མི་ཡོང་བ་དང་ཁ་གཏད་དུ་མི་ལང་བ། ཕན་ཚུན་བརྩི་འཇོག མཉམ་ལས་གཉིས་ཕན་ཡོང་བ་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་འཛུགས་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས་པ་དང་། ཕྱོགས་གཉིས་གས་མཐོ་རིམ་དང་ཁྱབ་ཁོངས་སོ་སོའི་དབར་འགྲོ་འོང་མུ་མཐུད་དམ་ཟབ་བྱས་ནས་རྒྱལ་ཁབ་གཉིས་གར་ཁེ་ཕན་ཡོང་བའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་སྲུང་སྐྱོང་བྱ་རྒྱུ་རྒྱུན་མཐུད་ལ་བརྟན་པོའི་ངང་འཕེལ་རྒྱས་བཏང་ནས་སྲིད་གཞུང་དབར་ལམ་སྲོལ་ཐད་ཀྱི་སྐད་ཆ་ཤོད་རེས་ཀྱི་ནུས་པ་ལེགས་པར་འདོན་པ་དང་ཁྱབ་ཁོངས་སོ་སོར་དངོས་སྒྲུབ་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་འབྲེལ་ལམ་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། དགེ་མཚན་ལྡན་པའི་བྱེད་སྟངས་ཐོག་ནས་རྒྱལ་ཁབ་གཉིས་པོའི་དབར་གྱི་ལྟ་ཚུལ་མི་གཅིག་པ་དང་འགལ་བ་ཁག་གཅིག་ཐག་གཅོད་འོས་འཚམ་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
        ཅི་ཤིན་ཀོས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཡང་བསྐྱར་ཀྲུང་གོའི་གྲོགས་པོ་རྙིང་པ་ང་ལ་མཇལ་འཛོམས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྲན་གྱིས་ཨ་རི་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་འབུལ་ཐུབ་པ་གཟི་བརྗིད་ཅིག་ཡིན་སྙམ། ཨ་རི་དང་ཀྲུང་གོའི་འབྲེལ་བ་ནི་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་ལ་གལ་འགངས་ཤིན་ཏུ་ཆེན་པོ་ཡིན། ཕྲན་གྱིས་ཨ་རི་དང་ཀྲུང་གོའི་འབྲེལ་བ་རྒྱུན་སྲིང་དང་། བརྟན་པོ། སྔར་བས་འཕེལ་རྒྱས་བཅས་ཡོང་བར་སྐུལ་མ་གཏོང་རྒྱུ་ནི་ཨ་རིའི་སྲིད་གཞུང་གསར་པའི་འདུན་པའང་དེ་ལྟར་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། དེས་ན་ཕྲན་གྱིས་ཨ་རི་དང་ཀྲུང་གོས་ཕན་ཚུན་རྒྱུས་མངའ་དང་སྤེལ་རེས་མཉམ་ལས་སྔར་བས་ཟབ་པ་ཡོང་བར་མུ་མཐུད་ནུས་པ་ཧུར་ཐག་འདོན་འདོད་ཡོད་ཅེས་གསུངས།
        རྒྱལ་དོན་ཨུ་ཡོན་དབྱང་ཅེ་ཁྲེ་སོགས་མཇལ་འཛོམས་སུ་མཉམ་དུ་ཕེབས་ཡོད་པ་རེད།

  
2016-12-01 2016-11-30