མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་ཀ་པོན་གྱི་ཙུང་ཐུང་པང་ཀེ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་09ཉིན། 08:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞིས་ཅིན་ཕིང་གིས་ཀ་པོན་གྱི་ཙུང་ཐུང་པང་ཀེ་དང་གྲོས་མོལ་གནང་བ།

         རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཀ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་གཏན་འཁེལ་གནང་བ།
        མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་7ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀ་པོན་གྱི་ཙུང་ཐུང་པང་ཀེ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཀ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་གཡོད་ཧན་ནེ་སི་པའོ་དབུ་ཚོགས་ཀྱི་གྲུབ་འབྲས་དམ་འཛིན་བྱེད་གཞིར་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ཐུབ་པ་དང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཛའ་མཐུན་གཉིས་ཕན་མཉམ་ལས་ལ་ཕྱོགས་ཡོངས་ནས་འཆར་འགོད་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱེད་རྒྱུའི་གཏན་འཁེལ་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་ཀ་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་ཟབ་མོ་ཡོད། སྐུ་ཞབས་ཙུང་ཐུང་གིས་འགན་བསྟུད་མར་བཞེས་རྗེས་ཀྲུང་གོ་རྒྱལ་དོན་འཚམས་འདྲི་གནང་ཡུལ་རྒྱལ་ཁབ་ཨང་དང་པོར་བརྩིས་གནང་བ་དེ་ཐོག་ནས་ཁྱེད་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་ཀ་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་འདུན་པ་དང་ཆོད་སེམས་མངོན་གྱི་ཡོད། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་42སོང་ཚུན་ཀྲུང་ཀ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བདེ་བླག་ངང་འཕེལ་རྒྱས་ཕྱིན་ཡོད། ཕྱོགས་གཉིས་པོས་ཟོལ་མེད་མཛའ་མཐུན་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་གལ་ཆེན་བྱེད་པའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཁྱབ་ཁོངས་ཁག་གི་གཉིས་ཁེ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀ་པོན་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞི་བརྟན་དུ་བཏང་ནས་མཐོ་རིམ་མི་སྣའི་དབར་འགྲོ་འོང་ཟབ་ཏུ་གཏོང་བ་དང་། སྲིད་གཞུང་སྡེ་ཚན་དང་། སྲིད་འཛིན་ཏང་། དབྱི་ཧུའེ་གྲོས་ཚོགས། ས་གནས་སྲིད་གཞུང་སོགས་ཀྱི་རིམ་པ་ཁག་དབར་སྤེལ་རེས་བྱེད་རྒྱ་ཆེ་རུ་བཏང་སྟེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་རྒྱུ་དེ་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཤིག་ཏུ་འགྱུར་བ་བྱེད་འདོད་ཡོད། ཕྱོགས་གཉིས་པོས་ཕན་ཚུན་གྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ཐུབ་པ་བྱེད་དགོས། ཀ་པོན་ཕྱོགས་ཀྱིས་བཟོ་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་གྲུབ་འབྲས་སུ་འགྱུར་བ་བྱས་ཏེ་འབྲེལ་ཡོད་སྐྲུན་བཞིན་པའི་མཉམ་ལས་རྣམ་གྲངས་ལ་མུ་མཐུད་སྐུལ་འདེད་གཏོང་འདོད་དང་ཀྲུང་གོའི་ཁེ་ལས་ཕྱོགས་གཉིས་པོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མཉམ་ལས་ནང་ཞུགས་རྒྱུར་སྐུལ་ལྕག་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀ་པོན་ཕྱོགས་དང་མཉམ་དུ་ཞིང་ལས་མཉམ་ལས་ལམ་སྲོལ་འཛུགས་རྒྱུར་གྲོས་བསྡུར་བྱས་ནས་ཀ་པོན་ཕྱོགས་ཀྱིས་ཡུལ་སྐོར་དང་། དངུལ་རྩ། གློག་འཕྲིན་སོགས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
         གྲོས་མོལ་གནང་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དཔལ་འབྱོར་ལག་རྩལ་དང་། རིག་གནས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་ལྷན་དུ་དཔང་པོ་གནང་བ་རེད།

  
2016-12-01 2016-11-30