མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲང་ཀའོ་ལིས་སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་ལུགས་མཐའ་འཁྱོངས་བྱས་
ནས་སྣོད་བཅུད་ཤེས་དཔལ་སྲོལ་གཏོད་ཀྱི་ཆུ་ཚད་གོང་མཐོར་ཤུགས་ཆེན་
གཏོང་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་10ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ལྷན་གྱི་ཀྲུའུ་ཞི་བཅས་ཡིན་པའི་ཀྲང་ཀའོ་ལི་ཚེས་8ཉིན་པེ་ཅིང་དུ་འཚོགས་པའི་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ལྷན་གྱི་2016ལོའི་ལོ་ཚོགས་ལ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ད་ཐེངས་ཀྱི་ལོ་ཚོགས་ཀྱིས“སྣོད་བཅུད་ཤེས་དཔལ། ཀྲུང་གོ་དང་འཛམ་གླིང”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཡོད།
           ཀྲང་ཀའོ་ལིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་གཙོད་པའི་དུས་མཚམས་ཤིག་ཡིན་པས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་གོ་སྐབས་དང་འགྲན་སློང་མཉམ་དུ་གནས་ཡོད། ཀྲུང་གོས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་དོན་འཁྱོལ་གཏིང་ཟབ་བྱས་ནས་སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་ལུགས་མཐའ་འཁྱོངས་བྱས་ནས་སྣོད་བཅུད་ཤེས་དཔལ་སྲོལ་གཏོད་ལ་རྒྱུན་བསྲིང་གཏིང་ཟབ་ཀྱི་སྒོ་ནས་སྐུལ་མ་གཏོང་བ་དང་། མི་དང་རང་བྱུང་ཁམས་དབར་ཞི་མཐུན་འཕེལ་རྒྱས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཞིག་གང་མགྱོགས་ཆགས་པ་བྱས་ཏེ་2020ལོར་སླེབས་སྐབས་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་སྤྱི་ཡོངས་ལེགས་བཅོས་དང་གོ་ལ་ཧྲིལ་པོའི་སྣོད་བཅུད་བདེ་འཇགས་ཆེད་ལེགས་སྐྱེས་གསར་པ་འབུལ་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན། གཅིག་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཁག་དང་ལྷུ་ཚིགས་ཁག་ཏུ་ཁྱབ་པར་བྱས་ནས་དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་ལྗང་མདོག་དང་། འཁོར་སྐྱོད། ཐཱན་ཉུང་བཅས་ཀྱི་འཕེལ་རྒྱས་ཡོང་བར་སྐུལ་མ་མགྱོགས་པོ་གཏོང་རྒྱུ་དང་། གཉིས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་རླུང་ཁམས་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞི་མུ་མཐུད་ལག་ལེན་བསྟར་ཏེ་སྣོད་བཅུད་ཁོར་ཡུག་ཐད་ཀྱི་གནད་དོན་མངོན་གསལ་དོད་པོ་ཐག་གཅོད་ཤུགས་ཆེན་བྱ་རྒྱུ། གསུམ་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་དང་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་བརྒྱབ་ནས་འགོ་ཁྲིད་ལས་བྱེད་པས་སྣོད་བཅུད་ཤེས་དཔལ་སྲོལ་གཏོད་ཀྱི་འགན་འཁུར་ཡུན་ཚད་ཀྱི་འགན་འཁྲིའི་ལམ་ལུགས་བཟོས་ནས་ཚེ་གང་བདའ་འདེད་གཏོང་རྒྱུ་མ་ཟད། སྣོད་བཅུད་ཤེས་དཔལ་སྲོལ་གཏོད་ལ་སྐུལ་མ་གཏོང་ཆེད་འགན་ལེན་ནུས་ལྡན་བྱ་རྒྱུ། བཞི་ནས་སྣོད་བཅུད་ཤེས་དཔལ་གྱི་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་སྤེལ་མགྱོགས་པོ་བཏང་སྟེ་སྣོད་བཅུད་ཤེས་དཔལ་ལམ་ལུགས་ཀྱི“ཀ་བཞི་གདུང་བརྒྱད”བསྐྲུན་ནས་སྣོད་བཅུད་ཤེས་དཔལ་སྲོལ་གཏོད་དེ་ལམ་ལུགས་ཅན་དང་ཁྲིམས་ལུགས་ཅན་གྱི་བགྲོད་ལམ་དུ་བཞག་ནས་ལམ་ལུགས་ལ་བརྟེན་ཏེ་སྔོ་ཞིང་དྭངས་བའི་རི་ཆུ་སྲུང་སྐྱོང་བྱ་རྒྱུ། ལྔ་ནས་ཁོར་ཡུག་སྲུང་སྐྱོང་གི་རྒྱལ་སྤྱིའི་མཉམ་ལས་རྒྱ་ཆེར་བཏང་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུར་ཧུར་ཐག་ཞུགས་པ་དང་། ལྗང་མདོག་གི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྱོང་ལ་སྐུལ་མ་གཏོང་བ། འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་བར་ཁོར་ཡུག་མཉམ་ལས་ཀྱི་དྲ་རྒྱ་ཞིག་སྐྲུན་པ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་སྣོད་བཅུད་ཤེས་དཔལ་སྲོལ་གཏོད་ཀྱི་བྱ་གཞག་ལ་ཐུན་མོང་ཐོག་སྐུལ་མ་གཏོང་རྒྱུ་བཅས་རེད་ཅེས་གསུངས།

  
2016-12-01 2016-11-30