མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་སྐབས་དང་པོའི་རྒྱལ་ཡོངས་ཀྱི་ཡ་རབས་ཁྱིམ་ཚང་གི་འཐུས་མིར་མཇལ་
འཕྲད་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་14ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞིས་ཅིན་ཕིང་གིས་སྐབས་དང་པོའི་རྒྱལ་ཡོངས་ཀྱི་ཡ་རབས་ཁྱིམ་ཚང་གི་འཐུས་མིར་མཇལ་
འཕྲད་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

         ཟླ་12ཚེས་12ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞིས་ཅིན་ཕིང་དང་ལིའུ་ཡུན་ཧྲན་སོགས་ཀྱིས་པེ་ཅིང་དུ་སྐབས་དང་པོའི་རྒྱལ་ཡོངས་ཀྱི་ཡ་རབས་ཁྱིམ་ཚང་གི་འཐུས་མིར་མཇལ་འཕྲད་གནང་བ།
             མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་12ཉིན་སྐབས་དང་པོའི་རྒྱལ་ཡོངས་ཀྱི་ཡ་རབས་ཁྱིམ་ཚང་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཡ་རབས་ཁྱིམ་ཚང་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ང་ཚོས་ཁྱིམ་ཚང་གི་ཡ་རབས་གཏོད་རྒྱུར་མཐོང་ཆེན་བྱས་ནས་འབད་བརྩོན་ཆེན་པོས་ཁྱིམ་ཚང་ཁྲི་སྟོང་མང་པོ་རྒྱལ་ཁབ་འཕེལ་རྒྱས་དང་། མི་རིགས་ཡར་ཐོན། སྤྱི་ཚོགས་ཞི་མཐུན་བཅས་ཀྱི་རྨང་གཞི་གལ་ཆེན་དང་མི་རྣམས་ཀྱི་ཕུགས་འདུན་མངོན་འགྱུར་བྱ་ཡུལ་ཞིག་ཏུ་འགྱུར་བ་བྱེད་དགོས། སྤྱི་ཚོགས་ཡོངས་ཀྱི་ལས་རིགས་ཁག་ཏུ་ཡ་རབས་ཁྱིམ་ཚང་གཏོད་པའི་ནང་ཞུགས་རྒྱུར་སྐུལ་སློང་བྱས་ནས་རྒྱལ་གཅེས་ཁྱིམ་གཅེས་དང་། ཕན་ཚུན་དགའ་གཅེས། དགེ་སྒྲུབ་ཡར་ཐོན། མཉམ་གཏོད་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་གི་ཡ་རབས་དར་སྲོལ་གསར་པ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
         སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དང་ཐོག་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་མཁན་སྐབས་དང་པོའི་རྒྱལ་ཡོངས་ཀྱི་ཡ་རབས་ཁྱིམ་ཚང་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་འཐབ་ཕྱོགས་དང་པོར་ལས་དོན་སྒྲུབ་བཞིན་པའི་བློ་མཐུན་རྣམས་ལ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱིས་སྔར་ནས་བཟུང་ཁྱིམ་ཚང་ལ་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གྱི་ཁྱིམ་ཚང་ཀུན་སྤྱོད་བཟང་པོ་དེ་ཀྲུང་གོ་བ་ཚང་མའི་སེམས་ནང་བརྟན་པོ་འཇགས་ནས་ཀྲུང་གོ་བའི་ཁྲག་རྒྱུན་ནང་འདྲེས་པ་དང་། དེ་ནི་ཀྲུང་ཧྭ་མི་རིགས་ཡུན་རིང་ཉམས་མེད་དང་གཅིག་རྒྱུད་གཅིག་འཛིན་གྱི་བསམ་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་ལ། ཁྱིམ་ཚང་གི་ཡ་རབས་གཏོད་པའི་རྩ་ཆེའི་བསམ་པའི་རྒྱུ་ནོར་ཞིག་ཀྱང་ཡིན། དུས་རབས་ལ་འགྱུར་ལྡོག་ཇི་ལྟར་བྱུང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཇི་ལྟར་ཕྱིན་རུང་། སྤྱི་ཚོགས་ཞིག་གི་ངོས་ནས་བརྗོད་ཚེ་ཁྱིམ་ཚང་གི་འཚོ་བའི་བརྟེན་སར་གཞན་གྱིས་ཚབ་བྱེད་ཐབས་བྲལ་བ་དང་། ཁྱིམ་ཚང་གི་སྤྱི་ཚོགས་ནུས་པར་གཞན་གྱིས་ཚབ་བྱེད་ཐབས་བྲལ་བ། ཁྱིམ་ཚང་གི་ཡ་རབས་ནུས་པར་གཞན་གྱིས་ཚབ་བྱེད་ཐབས་བྲལ་བ་ཞིག་རེད། ཚང་མས་ཁྱིམ་ཚང་ལ་མཐོང་ཆེན་དང་། ཁྱིམ་ཚང་གི་སློབ་གསོར་མཐོང་ཆེན། ཁྱིམ་སྲོལ་ལ་མཐོང་ཆེན་བཅས་བྱེད་རྒྱུའི་རེ་བ་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཁྱིམ་ཚང་ནི་སྤྱི་ཚོགས་ཀྱི་ཕྲ་ཕུང་ལྟ་བུ་ཞིག་རེད། ཁྱིམ་ཚང་འཆམ་མཐུན་བྱུང་ཚེ་སྤྱི་ཚོགས་བརྟན་ལྷིང་ཡོང་ཐུབ་པ་དང་། ཁྱིམ་ཚང་བདེ་སྐྱིད་བྱུང་ཚེ་སྤྱི་ཚོགས་བཀྲ་ཤིས་འཆམ་མཐུན་ཡོང་ཐུབ་པ། ཁྱིམ་ཚང་ཡ་རབས་ལྡན་ཚེ་སྤྱི་ཚོགས་ཡ་རབས་ལྡན་ཐུབ། ཁྱིམ་ཚང་ཁྲི་སྟོང་མང་པོ་ཡག་པོ་བྱུང་ཚེ་གཞི་ནས་རྒྱལ་ཁབ་དང་མི་རིགས་ཡག་པོ་ཡོང་ངེས་ཡིན། རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་། མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་ལྡན་པ་བཅས་ཡོང་བ་བྱེད་རྒྱུ་དེ་མཐར་ཁྱིམ་ཚང་ཁྲི་སྟོང་མང་པོ་བདེ་སྐྱིད་འཚོ་བ་སྐྱེལ་རྒྱུ་ཡོང་བའི་ཐོག་མངོན་པར་བྱེད་པ་དང་། མི་དམངས་དུང་ཕྱུར་མང་པོའི་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བའི་ཐད་མངོན་པར་བྱེད་དགོས་ལུགས་ང་ཚོས་ངོས་འཛིན་ཐུབ་པ་བྱེད་དགོས། རྒྱལ་ཁབ་དང་མི་རིགས་ཡག་པོ་བྱུང་ཚེ་གཞི་ནས་ཁྱིམ་ཚང་ཡག་པོ་ཡོང་ངེས་པའང་ང་ཚོས་ད་དུང་ངོས་འཛིན་ཐུབ་པ་བྱེད་དགོས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་མདུན་མངོན་འགྱུར་ཐུབ་ཚེ་གཞི་ནས་ཁྱིམ་ཚང་གི་ཕུགས་མདུན་འགྲུབ་ཐུབ། རྒྱ་ཆེའི་ཁྱིམ་ཚང་ཚང་མས་ཁྱིམ་གཅེས་དང་རྒྱལ་གཅེས་གཅིག་གྱུར་ཡོང་བ་བྱས་ནས་ཁྱིམ་ཚང་གི་ཕུགས་མདུན་འགྲུབ་རྒྱུ་དེ་མི་རིགས་ཀྱི་ཕུགས་འདུན་འགྲུབ་པའི་ནང་མཉམ་འདྲེས་ཐུབ་པ་བྱས་ཏེ་བསམ་བློ་གཅིག་ཏུ་གཏོང་བ་དང་ཤུགས་གཅིག་ལ་བརྒྱབ་སྟེ་ཁྱིམ་ཚང་དུང་ཕྱུར་4ལྷག་ཙམ་དང་མི་དམངས་དུང་ཕྱུར་13ལྷག་ཙམ་གྱི་བློ་གྲོས་དང་སྤྲོ་སེམས“ལོ་བརྒྱ་གཉིས་ཀྱི”འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་མདུན་འགྲུབ་པའི་སྟོབས་ཤུགས་ཆེན་པོའི་ཐོག་གཅིག་སྒྲིལ་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཁྱིམ་ཚང་ནི་མི་ཚེའི་སློབ་ཁང་དང་པོ་དང་། ཕ་མ་ནི་ཕྲུ་གུའི་དགེ་རྒན་དང་པོ་དེ་ཡིན། ཁྱིམ་ཚང་གི་སློབ་གསོ་དེ་ཕྱོགས་གང་ས་ཅི་ཐད་དང་འབྲེལ་བ་ཡོད་མོད། འོན་ཀྱང་ཆེས་གལ་འགངས་ཆེ་ཤོས་ནི་ཀུན་སྤྱོད་སློབ་གསོ་དང་ཇི་ལྟར་བྱས་ནས་མི་བྱེད་དགོས་ལུགས་ཀྱི་སློབ་གསོ་གཏོང་རྒྱུ་དེ་ཡིན། ཀུན་སྤྱོད་བཟང་པོའི་འདུ་ཤེས་ཆུང་བྱིས་པའི་དུས་ནས་ཕྲུ་གུ་ཚོར་བརྒྱུད་སྤྲོད་བྱས་ཏེ་ཁོང་ཚོར་མི་བྱེད་ལུགས་ཀྱི་ལ་རྒྱ་དང་སྙིང་རུས་ལྡན་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཁོང་ཚོར་སེམས་པ་བཟང་པོ་འཇགས་རྒྱུར་རོགས་རམ་བྱེད་པ། ཁོང་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཆེན་པོ་ཆགས་རྗེས་རྒྱལ་ཁབ་དང་མི་དམངས་ལ་ཕན་པའི་མི་ཞིག་ཏུ་འགྱུར་བ་བྱེད་དགོས། རྒྱ་ཆེའི་ཁྱིམ་ཚང་ཚང་མས་ཁ་བཤད་དཔེ་སྟོན་ལ་མཐོང་ཆེན་དང་ཤེས་བྱ་དང་ཀུན་སྤྱོད་བསླབས་ནས་ཕྲུ་གུ་ཚོར་མི་ཚེའི་གོམ་སྟབས་དང་པོ་སྤོ་བ་དང་འགོ་ཡག་པོ་འཛུགས་རྒྱུར་རོགས་རམ་བྱེད་དགོས། ཁྱིམ་ཚང་གི་འཚོ་བའི་ནང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱས་ནས་ཁྱིམ་ཚང་གི་ཁོངས་མི་དང་ལྷག་པར་དུ་མི་རབས་རྗེས་མས་ཏང་དང་། མེས་རྒྱལ། མི་དམངས། ཀྲུང་ཧྭ་མི་རིགས་བཅས་ལ་དགའ་ཞེན་བྱེད་རྒྱུར་ཁྲིད་སྟོན་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ཀུན་སྤྱོད་བཟང་པོ་དར་སྤེལ་ཡག་པོ་བཏང་སྟེ་རྒན་བཀུར་གཞོན་གཅེས་དང་། ཕོ་མོ་འདྲ་མཉམ། ཁྱོ་ཤུག་འཆམ་མཐུན། བརྩོན་བསྲི་ཁྱིམ་སྐྱོང་། ཁྱིམ་མཚེས་མཐུན་སྒྲིལ་བཅས་ཀྱི་འདུ་ཤེས་བརྒྱུད་སྤྲོད་བྱས་ཏེ་ཟོལ་མེད་དང་། འགན་འཁྲི། དགའ་ཉེའི་བརྩེ་སེམས། སློབ་སྦྱོང་། སྤྱི་ཕན་བཅས་ཀྱི་འདུ་ཤེས་དར་སྤེལ་གཏོང་བ་དང་མི་རྣམས་ཀྱིས་ཁྱིམ་ཚང་ལ་བདེ་སྐྱིད་སྐྲུན་པ་དང་། མི་གཞན་ལ་དྲོ་སྐྱིད་སྦྱིན་པ། སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བ་བཅས་ཀྱི་བརྒྱུད་རིམ་ནང་བསམ་པའི་ཡུལ་ཁམས་ཀྱི་ཚད་གཞི་མཐོ་རུ་གཏོང་བ་དང་ཡ་རབས་ཀྱི་དར་སྲོལ་སྐྱེད་སྲིང་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཁྱིམ་སྲོལ་ནི་སྤྱི་ཚོགས་དར་སྲོལ་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། ཁྱིམ་ཚང་ནི་མི་རྣམས་ཀྱི་སྡོད་གནས་ཤིག་ཡིན་ལ། མི་རྣམས་ཀྱི་སེམས་ཀྱི་བརྟེན་ས་དེ་བས་ཡིན། ཁྱིམ་སྲོལ་ཡག་པོ་བྱུང་ཚེ་གཞི་ནས་ཁྱིམ་ཚང་གི་ཀུན་སྤྱོད་དར་བ་དང་ཞི་མཐུན་བདེ་སྐྱིད་ཡོང་ཐུབ། ཁྱིམ་སྲོལ་ཡག་པོ་མ་བྱུང་ཚེ་བུ་ཕྲུག་ལ་གནོད་པ་མ་ཟད། སྤྱི་ཚོགས་ལའང་གནོད་ངེས་ཡིན་པ་ལྡོག་ཐབས་མེད། དེར་བརྟེན་རྒྱ་ཆེའི་ཁྱིམ་ཚང་ཚང་མས་ཁྱིམ་སྲོལ་བཟང་པོ་དར་སྤེལ་བཏང་སྟེ་ཁྱིམ་ཚང་ཁྲི་སྟོང་མང་པོའི་ཁྱིམ་སྲོལ་ལ་བརྟེན་ནས་སྤྱི་ཚོགས་ཡོངས་ཀྱི་དར་སྲོལ་བཟང་པོར་འདེགས་སྐྱོར་བྱེད་དགོས་པ་དང་། ལྷག་དོན་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཁྱིམ་སྲོལ་དམ་འཛིན་ཡག་པོ་བྱས་ནས་གསར་བརྗེ་པ་རྒན་རབས་ཚོའི་གསར་བརྗེའི་ཁྱིམ་སྲོལ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཅའོ་ཡུས་ལུའུ་དང་། ཀུའུ་ཝུན་ཁྲང་། དབྱང་ཧྲན་ཀྲོའུ་སོགས་བློ་མཐུན་ལ་སློབ་སྦྱོང་བྱས་ཏེ་ཁྱིམ་སྲོལ་གཏོད་པའི་མིག་དཔེ་ཡག་པོ་ཞིག་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་གཉེན་ཉེ་དང་བུ་ཕྲུག་ལ་ཁྲིམས་བཀུར་སྒྲིག་སྲུང་དང་། དཀའ་སྤྱད་བབ་ཆགས། རང་ཁ་རང་གསོ་བཅས་བྱེད་པའི་འདུ་ཤེས་བཟང་པོ་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ་ཁེ་མཐོང་བདེན་བསྐྱུར་དང་བཅའ་ཁྲིམས་སྣང་མེད་དུ་བཞག་ནས་གཞན་རྒྱུ་ལེན་པ་ནི་ཀུན་སྤྱོད་མེད་པའི་བྱ་བ་ཞིག་ཡིན་ལུགས་གསལ་པོ་ཤེས་པ་བྱས་ཏེ་སྤྱི་ཚོགས་ཡོངས་ལ་མིག་དཔེ་སྟོན་དགོས་པའི་ནན་བཤད་གནང་བ་རེད།
        ཞིས་ཅིན་ཕིང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཁྱིམ་ཚང་གི་ཡ་རབས་གཏོད་རྒྱུ་དེ་ཉིན་རེའི་གྲོས་རིམ་ནང་འཇུག་དགོས། བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པས་རང་ངོས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་ཁྱིམ་ཚང་གི་ཡ་རབས་གཏོད་པའི་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་ཧུར་ཐག་བྱེད་དགོས། ཕྱོགས་ཁག་གིས་སེམས་རྩ་རབ་ཏུ་འཁོལ་བའི་ངང་འཚོ་བའི་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་སེམས་ཁུར་དང་རོགས་རམ་བྱས་ནས་ཁོང་ཚོའི་སེམས་ཁྲལ་དང་དཀའ་ངལ་སེལ་དགོས། བསམ་པའི་དཔལ་ཡོན་སྲོལ་གཏོད་ལས་དོན་སྡེ་ཚན་གྱིས་སྤྱི་འདོམས་དང་། མཐུན་སྦྱོར། མཛུབ་ཁྲིད། སྐུལ་འདེད་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
         ལིའུ་ཡུན་ཧྲན་གྱིས་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་འཐུས་མི་ཚོར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་དེ་ཐོག་ནས་ཏང་ཀྲུང་དབྱང་གིས་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཚད་མཐོའི་མཐོང་ཆེན་དང་རྒྱལ་ཡོངས་ཀྱི་ཁྱིམ་ཚང་ཁྲི་སྟོང་མང་པོར་བྱམས་བརྩེའི་ཐུགས་ཁུར་གནང་ནས་ཁྱིམ་ཚང་གི་ཡ་རབས་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ལུགས་གང་ལེགས་མངོན་ཡོད། རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་ཁྱིམ་ཚང་གི་ཡ་རབས་གཏོད་ནས་རྒྱལ་ཁབ་འཕེལ་རྒྱས་དང་། མི་རིགས་ཡར་ཐོན། སྤྱི་ཚོགས་ཞི་མཐུན་བཅས་ལ་ནུས་པ་གལ་ཆེན་ཐོན་ལུགས་གསལ་ཤེས་གང་ལེགས་ཐུབ་པ་བྱས་ཏེ་ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་བཅས་ལ་དེ་བས་མཐོང་ཆེན་བྱས་ཐོག་ཁྱིམ་ཚང་གི་ཡ་རབས་གཏོད་རྒྱུ་དེ་ཡུན་རིང་ལས་འགན་ཞིག་ལ་བརྩིས་ནས་དམ་འཛིན་ཏན་ཏིག་དང་ཡག་པོ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།

  
2016-12-01 2016-11-30