མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཅུ་
བཞི་པ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་23ཉིན། 08:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་21ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཅུ་བཞི་པ་གཙོ་སྐྱོང་གནང་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ནང་གཏན་ལ་ཕབ་པའི་ལས་གྲྭའི་རྣམ་གྲངས་གལ་ཆེན་165ཡི་འཕེལ་རིམ་དང་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་གནད་དོན་མངོན་གསལ་དོད་པོ་ཐག་གཅོད་ཡག་པོ་བྱེད་རྒྱུ་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་གནང་བ་རེད། ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་ནང་དོན་ཁོང་དུ་ཡང་དག་ཆུད་པར་བྱ་རྒྱུ་དེ་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་གལ་འགངས་ཤིན་ཏུ་ཆེན་པོ་ཡིན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པར་དཔལ་འབྱོར་འཕར་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་དུས་མཚུངས་དེ་བས་གལ་འགངས་ཆེ་བ་ནི་མི་དམངས་རྩ་བར་འཛིན་རྒྱུ་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་དོན་འཁྱོལ་བྱས་ཏེ་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་བྱེད་པ་བཅས་ཀྱི་ཐོག་ནས་སྦྱོང་དུས་སློབ་མཁན་ཡོད་པ་དང་། ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ་བཅས་ཀྱི་ཐད་མུ་མཐུད་འཕེལ་རྒྱས་གསར་པ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་བཅས་ཡིན་པའི་ལིའུ་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་བཅས་ཡིན་པའི་ཀྲང་ཀའོ་ལི་ཚོགས་འདུར་ཕེབས་ཡོད་པ་རེད།
         ཚོགས་འདུའི་ཐོག“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ནང་གཏན་ལ་ཕབ་པའི་ལས་གྲྭའི་རྣམ་གྲངས་གལ་ཆེན་165ཡི་འཕེལ་རྒྱས་གནས་ཚུལ་སྐོར་གྱི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་སྙན་སེང་གསན་པ་དང་། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་བྱང་ཕྱོགས་ས་ཁུལ་དུ་དགུན་དུས་དྭངས་གཙང་དྲོད་ལེན་ཐུབ་རྒྱུར་སྐུལ་མ་གཏོང་རྒྱུའི་སྐོར་དང་། ཀྲེ་ཅང་ཞིང་ཆེན་གྱི་གད་སྙིགས་རིགས་དབྱེའི་ལམ་ལུགས་ཡོངས་ཁྱབ་ངང་ཁྱབ་གདལ་གཏོང་རྒྱུའི་སྐོར། ཞིང་ལས་པུའི་ཕྱུགས་བྱ་གསོ་ཚགས་ཀྱི་བེད་མེད་དངོས་པོ་གཙང་སེལ་དང་ཐོན་ཁུངས་ཅན་དུ་འགྱུར་རྒྱུའི་སྐོར། དམངས་སྲིད་པུའི་རྒན་གསོ་ཁང་གི་ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་རྒྱུའི་སྐོར། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའི་སྡོད་ཁང་བོགས་གཏོང་ཁྲོམ་ར་ཚད་ལྡན་དུ་གཏོང་བ་དང་ས་ཁང་བདག་ཁོངས་ཀྱི་རིན་གོང་གློ་བུར་དུ་འཕར་བ་གཏན་འགོག་བྱ་རྒྱུའི་སྐོར། རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་སོགས་ཀྱི་སྙན་སེང་ཁག་སོ་སོར་གསན་པ་རེད། འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིས་གྲོས་བསྡུར་གནང་བ་རེད།
         ཞིས་ཅིན་ཕིང་གིས་གསུང་བཤད་གནང་སྐབས་དཔལ་འབྱོར་འཕར་བའི་མྱུར་ཚད་རྒྱུན་འཁྱོངས་དང་དཔལ་འབྱོར་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་བའི་གཞི་རྩ་ནི་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་གནད་དོན་མངོན་གསལ་དོད་པོ་ཟམ་མི་ཆད་པར་ཐག་གཅོད་ཡག་པོ་བྱེད་དགོས་པ་དེ་རེད། མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་གནད་དོན་མངོན་གསལ་དོད་པོ་ཐག་གཅོད་ཡག་པོ་བྱ་རྒྱུ་ནས་འགོ་བཙུགས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་སྐུལ་མ་གཏོང་རྒྱུ་དེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་གཏོང་བའི་བླང་བྱ་དང་འཚམ་ནས་འཕར་གནས་གསར་པ་གཏོད་རྒྱུ་དང་ཡུན་རིང་འཕར་རྒྱུའི་མི་མངོན་པའི་སྟོབས་ཤུགས་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་ནའང་འཕར་གནས་གསར་པའི་ནང་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་གནད་དོན་མངོན་གསལ་དོད་པོ་ཐག་གཅོད་ཡག་པོ་བྱ་རྒྱུ་ཚུད་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་བྱང་ཕྱོགས་ས་ཁུལ་དུ་དགུན་དུས་དྭངས་གཙང་དྲོད་ལེན་ཁྱབ་གདལ་གཏོང་རྒྱུ་སོགས་ཀྱི་གནད་དོན་6ཡོད་པ་ཚང་མ་དོན་ཆེན་ཡིན་པས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་ཡོད་པ་མ་ཟད། དེ་ནི་དམངས་འཚོའི་འདུ་འགོད་དང་དམངས་སེམས་དང་མཐུན་པའི་འདུ་འགོད་གལ་ཆེན་ཞིག་ཀྱང་རེད། བྱང་ཕྱོགས་ས་ཁུལ་དུ་དྭངས་གཙང་དྲོད་ལེན་ཁྱབ་གདལ་གཏོང་རྒྱུ་དེ་བྱང་ཕྱོགས་ས་ཁུལ་གྱི་རྒྱ་ཆེའི་མང་ཚོགས་ཚོར་དྲོད་ལྡན་དགུན་སྐྱེལ་ཐུབ་པ་དང་འབྲེལ་བ་ཡོད་པ་མ་ཟད། སྨུག་རྡུལ་གནམ་གཤིས་བསྟན་ཉུང་དུ་འགྲོ་མིན་དང་འབྲེལ་བ་ཡོད་པས་དེ་ནི་ནུས་རྒྱུ་ཐོན་སྐྱེད་དང་། འཛད་སྤྱོད་གསར་བརྗེ། གྲོང་གསེབ་ཀྱི་འཚོ་བ་སྐྱེལ་སྟངས་གསར་བརྗེ་བཅས་ཀྱི་ནང་དོན་གལ་ཆེན་ཞིག་ཀྱང་རེད། ཁེ་ལས་གཙོ་བོར་བྱེད་པ་དང་། སྲིད་གཞུང་གིས་སྐུལ་མ་གཏོང་བ། ཡུལ་མིས་ཐེག་ཐུབ་པ་བཅས་ཀྱི་བྱེད་ཕྱོགས་ལ་གཞིགས་ཏེ་དྲོད་རླངས་འཚམ་སར་དྲོད་རླངས་དང་། གློག་འཚམ་སར་གློག་སྤྱད་དེ་དྭངས་གཙང་ནུས་རྒྱུ་ཧུར་ཐག་སྤྱད་དེ་དྭངས་གཙང་དྲོད་ལེན་གྱི་བསྡུར་ཚད་གང་མགྱོགས་མཐོ་རུ་གཏོང་དགོས་པ་དང་།
        གད་སྙིགས་རིགས་དབྱེའི་ལམ་ལུགས་ཡོངས་ཁྱབ་ངང་ཁྱབ་གདལ་གཏོང་རྒྱུ་དེ་མི་དུང་ཕྱུར་13ལྷག་ཙམ་གྱི་འཚོ་བའི་ཁོར་ཡུག་ལེགས་བཅོས་གཏོང་རྒྱུ་དང་འབྲེལ་བ་ཡོད་པ་དང་གད་སྙིགས་ཀྱི་སྤྱི་འབོར་ཉུང་དུ་གཏོང་ཐུབ་མིན་དང་། ཐོན་ཁུངས་ཅན་དུ་འགྱུར་ཐུབ་མིན། གནོད་མེད་གཙང་སེལ་ཐུབ་མིན་བཅས་དང་འབྲེལ་བ་ཡོད། རིགས་དབྱེ་མཁོ་སྤྲོད་དང་། རིགས་དབྱེ་བསྡུ་རུབ། རིགས་དབྱེ་སྐྱེལ་འདྲེན། རིགས་དབྱེ་གཙང་སེལ་བཅས་ཀྱི་གད་སྙིགས་གཙང་སེལ་མ་ལག་གང་མགྱོགས་བཙུགས་ཏེ་ཁྲིམས་སྐྱོང་རྨང་གཞིར་བྱེད་པ་དང་། སྲིད་གཞུང་གིས་སྐུལ་མ་གཏོང་བ། དམངས་ཡོངས་ཞུགས་པ། གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས། ཡུལ་བབ་དང་བསྟུན་པ་བཅས་ཀྱི་སྒོ་ནས་གད་སྙིགས་རིགས་དབྱེའི་ལམ་ལུགས་ཆགས་པ་བྱས་ནས་གད་སྙིགས་རིགས་དབྱེའི་ལམ་ལུགས་ཁྱབ་ཁྱོན་ཆེ་རུ་ཧུར་ཐག་གཏོང་དགོས་པ།
         ཕྱུགས་བྱ་གསོ་ཚགས་ཀྱི་བེད་མེད་དངོས་པོ་གཙང་སེལ་དང་ཐོན་ཁུངས་ཅན་དུ་འགྱུར་རྒྱུར་སྐུལ་མ་མགྱོགས་པོ་གཏོང་རྒྱུ་དེ་གྲོང་གསེབ་ཀྱི་ཡུལ་མི་དུང་ཕྱུར་6ལྷག་ཙམ་གྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་དང་འབྲེལ་བ་ཡོད་པ་དང་། གྲོང་གསེབ་ཀྱི་ནུས་རྒྱུ་གསར་བརྗེ་དང་འབྲེལ་བ་ཡོད་པ། ས་རྒྱུའི་ས་བཅུད་ཟམ་མི་ཆད་པར་ལེགས་སུ་གཏོང་ཐུབ་མིན་དང་ཞིང་ལས་ཁྱོན་ཡོངས་ཀྱི་བཙོག་སྐྱོན་བཅོས་སྒྲིག་ཡག་པོ་ཐུབ་མིན་དང་འབྲེལ་བ་ཡོད་པས་དེ་ནི་རྒྱལ་ཕན་དམངས་ཕན་དང་ཕུགས་ལ་ཕན་པའི་བྱ་བ་བཟང་པོ་ཞིག་རེད། སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་པ་དང་། ཁེ་ལས་ཀྱིས་གཙོ་བོ་བྱེད་པ། ཁྲོམ་རའི་འཁོར་སྐྱོད་བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ནས་རྫབ་རླངས་དང་སྐྱེ་དངོས་ཀྱི་རང་བྱུང་སོལ་རླངས་དེ་ཐག་གཅོད་ཁ་ཕྱོགས་གཙོ་བོ་ཡིན་པ་དང་། རང་ས་དང་ཉེ་ས་ནས་གྲོང་གསེབ་ཀྱི་ནུས་རྒྱུ་དང་ཞིང་སྤྱོད་སྐྱེ་ལྡན་ལུད་སྤྱོད་རྒྱུ་དེ་བེད་སྤྱོད་ཀྱི་ཁ་ཕྱོགས་གཙོ་བོར་བརྩིས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གཞི་རྒྱ་ཆེ་བའི་ཕྱུགས་བྱ་གསོ་ཚགས་ཁང་གི་བཙོག་སྐྱོན་གཙང་སེལ་དང་ཐོན་ཁུངས་ཅན་གྱི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་བྱེད་དགོས་པ།
         རྒན་གསོ་ཁང་གི་ཞབས་ཞུ་ལེགས་སུ་གཏོང་རྒྱུ་དེ་རྒན་རྒོན་མི་འབོར་དུང་ཕྱུར་2ལྷག་ཙམ་དང་ལྷག་པར་དུ་ངལ་ནུས་ཤོར་བ་དང་ཕྱེད་ངལ་ནུས་ཤོར་བའི་རྒན་རྒོན་ཁྲི་4000ལྷག་ཙམ་གྱི་ཚེ་མཇུག་གི་བདེ་སྐྱིད་དང་འབྲེལ་བ་ཡོད་ལ་ཁོང་ཚོའི་བུ་ཕྲུག་གི་ལས་ཀ་དང་འཚོ་བ་དང་ཡང་འབྲེལ་བ་ཡོད་པས་དེ་ནི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་རེད། དགོས་མཁོ་དང་བསྟུན་པ་དང་། སྤུས་ཚད་མཐོར་གཏོང་། རིན་གོང་འཚམ་པ། སྣེ་མང་མཁོ་སྤྲོད་བཅས་ཀྱི་བསམ་ཕྱོགས་ལ་གཞིགས་ནས་རྒན་གསོ་ཁང་གི་ཞབས་ཞུའི་སྤུས་ཚད་གང་མགྱོགས་ལེགས་བཅོས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་རྒྱལ་ཡོངས་གཅིག་གྱུར་གྱི་ཞབས་ཞུའི་སྤུས་ཚད་ཚད་གཞི་དང་གདེང་འཇོག་གི་མ་ལག་མགྱོགས་མྱུར་བཙུགས་ཐོག་རྒན་གསོ་སྒྲིག་གཞིའི་ཞབས་ཞུའི་སྤུས་ཚད་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རྒན་རྒོན་ལ་ཐུབ་ཚོད་དང་མནར་གཅོད་གཏོང་བའི་བྱེད་སྤྱོད་ལ་ཁྲིམས་དང་གཏན་འབེབས་བཞིན་ཆད་པ་ནན་པོ་མཐའ་གཅིག་ཏུ་གཅོད་དགོས་པ།
         སྡོད་ཁང་བོགས་གཏོང་གི་ཁྲོམ་ར་ཚད་ལྡན་དུ་གཏོང་བ་དང་ས་ཁང་བདག་ཁོངས་ཀྱི་རིན་གོང་གློ་བུར་དུ་འཕར་རྒྱུ་གཏན་འགོག་བྱ་རྒྱུ་དེ་ནི་སྡོད་སའི་ཁང་པ་ཡོད་པའི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་རེད། སྡོད་ཁང་གི་སྤྱོད་ཡུལ་སྟངས་འཛིན་ཡང་དག་བྱས་ནས་གྲོང་མི་གསར་པའི་སྡོད་ཁང་གི་དགོས་མཁོ་སྐོང་རྒྱུ་དེ་འགོ་འཛུགས་ས་གཙོ་བོར་བྱེད་པ་དང་། ཉོ་བ་དང་བོགས་གཏོང་གལ་ཆེ་མཉམ་དུ་འཛིན་པའི་སྡོད་ཁང་ལམ་ལུགས་འཛུགས་རྒྱུ་ཁ་ཕྱོགས་གཙོ་བོར་བྱེད་པ། ཁྲོམ་ར་གཙོ་བོར་བྱས་ནས་རིམ་པ་མང་བའི་དགོས་མཁོ་སྐོང་བ། སྲིད་གཞུང་གཙོ་བོར་བྱས་ནས་གཞི་རྩའི་འགན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་རིགས་དབྱེ་སྙོམས་སྒྲིག་དང་ས་གནས་གཙོ་བོར་བྱས་ཏེ་དངུལ་རྩ་དང་། ནོར་ཁྲལ། ས་ཆ། ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་བྱེད་ཐབས་མང་པོ་མཉམ་སྤྱོད་ཀྱིས་ཕུགས་ཀྱི་ལམ་ལུགས་བཀོད་སྒྲིག་གྲུབ་པ་བྱས་ཏེ་མི་དམངས་མང་ཚོགས་ཡོངས་ལ་སྡོད་སའི་ཁང་པ་ཡོད་པ་བྱེད་དགོས་པ།
         བཟའ་བཅའི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རྒྱལ་ཡོངས་ཀྱི་མི་འབོར་དུང་ཕྱུར་13གྱི“ལྕེ་ཐོག་གི་བདེ་འཇགས”དང་འབྲེལ་བ་ཡོད་ལ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གཟུགས་པོ་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་དང་ཡང་འབྲེལ་བ་ཡོད། འགོ་འཛུགས་ས་ནན་པོ་དང་། ཚད་གཞི་ནན་པོ། ལྟ་སྐུལ་དོ་དམ་ནན་པོ། ཆད་གཅོད་ནན་པོ། འགན་འཁྲི་རྩད་གཅོད་ནན་པོ་བཅས་བྱ་རྒྱུ་དེ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ནང་བཏོན་པའི་ལས་གྲྭའི་རྣམ་གྲངས་གལ་ཆེན་དོན་འཁྱོལ་བྱ་རྒྱུར་སྤྱི་འདོམས་ཀྱིས་སྐུལ་མ་གཏོང་རྒྱུ་དེ་ནི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་རིང“ཞན་ཆ་གསབ”པའི་ནང་དོན་གལ་ཆེན་ཞིག་རེད། ཞན་ཆ་གསབ་རྒྱུ་དེ་ནི་སྟབས་བདེ་བའི་མ་འཇོག་བྱ་ཤུགས་ཆེ་རུ་གཏོང་བ་ཙམ་མིན་པར་དེ་ནི་དགོས་མཁོ་ཏན་ཏིག་ངང་སྐོང་རྒྱུ་ནས་འགོ་བཙུགས་ཏེ་མཁོ་སྤྲོད་བྱེད་མང་དུ་ནུས་ལྡན་གཏོང་བ་ཞིག་རེད། དབུལ་སྒྲོལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་པའི་ཞབས་ཞུའི་ཆུ་ཚད་དང་སྤུས་ཚད་མཐོ་རུ་གཏོང་བ། གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བ། མི་ཤུགས་ཐད་མ་རྩ་གཏོང་ཤུགས་ཆེ་རུ་གཏོང་བ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བ། ཐོན་ལས་འབྲེལ་ཐག་གི་ཞན་ཆ་གསབ་པ། རྨང་གཞིའི་སྒྲིག་བཀོད་ཀྱི་ཉམས་ཞན་ལྷུ་ཚིགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། “གསུམ་འདོར་གཅིག་དམའ་གཅིག་གསབ”ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་མ་བཏང་ནས་རྙིང་པ་འདོར་བ་དང་གསར་པ་སྐྱོང་དགོས་ལ། ནུས་མེད་མཁོ་སྤྲོད་ཉུང་གཏོང་དང་ནུས་ལྡན་མཁོ་སྤྲོད་མང་དུ་གཏོང་དགོས། ལས་གྲྭའི་རྣམ་གྲངས་གལ་ཆེན་དོན་འཁྱོལ་བྱ་རྒྱུ་དེ་སྒྱུར་བཅོས་ལ་སྐུལ་མ་གཏོང་བ་དང་སྒྲིག་གཞི་དང་ལམ་སྲོལ་ཆགས་པ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྒྲིག་གཞིའི་འགོག་རྐྱེན་གང་ཡོད་པ་དེ་ལེགས་བཅོས་བྱེད་དགོས། སྲིད་གཞུང་གི་འགན་ནུས་དང་ཁྲོམ་རའི་ནུས་པ་ཡང་དག་ངང་དབྱེ་འབྱེད་བྱས་ནས་ཁྲོམ་རས་སྒྲུབ་ཐུབ་རིགས་ལ་སྲིད་གཞུང་གིས་ཆ་རྐྱེན་བསྐྲུན་ནས་དམངས་ཁྲོད་ཀྱི་མ་རྩ་དེའི་ནང་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་རྣམ་གྲངས་ལག་བསྟར་ནང་རིགས་ཁག་གི་ཁྲོམ་རའི་བྱེད་པོ་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པ་དང་འབྲེལ་ཕན་འབྲས་ཐོན་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

  
2016-12-01 2016-11-30