མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཧྲེན་ཧྭ་ཉིང་རྡོ་སོལ་སྣུམ་འཚག་དཔེ་སྟོན་རྣམ་གྲངས་བསྐྲུན་ནས་ཐོན་
སྐྱེད་བྱེད་འགོ་ཚུགས་པར་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་30ཉིན། 09:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་28ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཉེ་ཆར་ཧྲེན་ཧྭ་ཉིང་རྡོ་སོལ་སྣུམ་འཚག་དཔེ་སྟོན་རྣམ་གྲངས་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པར་མཛུབ་སྟོན་གལ་ཆེན་གནང་བ་དང་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྣམ་གྲངས་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཆབས་ཅིག་ལས་གྲྭ་འཛུགས་སྐྲུན་དང་། ཐོན་སྐྱེད་འཁོར་སྐྱོད། ལག་རྩལ་ཞིབ་སྤེལ་བཅས་ནང་ཞུགས་མཁན་རྒྱ་ཆེའི་ཚན་རྩལ་མི་སྣ་དང་ལས་བྱེད་ལས་བཟོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད།
         ཞིས་ཅིན་ཕིང་གིས་རྣམ་གྲངས་གལ་ཆེན་དེ་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དེས་རང་རྒྱལ་གྱི་ནུས་རྒྱུ་རང་བརྟེན་འགན་ལེན་གྱི་ནུས་པ་ཆེ་རུ་འགྲོ་རྒྱུ་དང་། རྡོ་སོལ་གམ་གཙང་དང་ཕན་ཆེའི་སྒོ་ནས་སྤྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ལ་ནུས་རྒྱུ་བདེ་འཇགས་དང་། ཕན་ཆེ། གམ་གཙང་། ཐཱན་ཉུང་བཅས་ཀྱི་སྒོ་ནས་འཕེལ་རྒྱས་གཏོང་བའི་བྱེད་ཐབས་ལ་འཚོལ་ཞིབ་ནུས་ལྡན་བྱས་པ་ཞིག་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་རེད། དེ་ཐོག་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་རྒྱུ་དང་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དང་དེ་བཞིན་དེང་རབས་ཐོན་ལས་མ་ལག་བསྐྲུན་རྒྱུར་ངེས་པར་དུ་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་དང་ཚན་རྩལ་གྲུབ་འབྲས་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་སྒྱུར་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པ་གསལ་བཤད་གང་ལེགས་བྱས་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་བློ་མཐུན་ཚོས་ཡང་འབད་བསྐྱར་འབད་དང་ཡག་ཐོག་ཡག་བརྩེགས་ཡོང་བ་བྱས་ཏེ་རྣམ་གྲངས་བདེ་འཇགས་དང་། བརྟན་པོ། གམ་གཙང་བཅས་ཀྱི་སྒོ་ནས་འཁོར་སྐྱོད་ཐུབ་རྒྱུ་འགན་ལེན་བྱེད་པ་དང་། རྡོ་སོལ་ལས་སྣོན་བྱེད་སྟངས་སྒྱུར་བའི་ཁྱབ་ཁོངས་ཐད་ཀྱི་རང་རྒྱལ་གྱི་ལག་རྩལ་དང་ཐོན་ལས་ཀྱི་ལེགས་ཆ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ། ནུས་རྒྱུ་ཐོན་སྐྱེད་དང་འཛད་སྤྱོད་གསར་བརྗེར་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་གྱུར་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཚེས་28ཉིན་ཧྲེན་ཧྭ་ཉིང་རྡོ་སོལ་སྣུམ་འཚག་དཔེ་སྟོན་རྣམ་གྲངས་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པར་རྟེན་འབྲེལ་ཞུ་བའི་མཛད་སྒོ་ཉིང་ཞ་ཉིང་ཏུང་ནུས་རྒྱུ་རྫས་འགྱུར་བཟོ་ལས་རྟེན་གཞིའི་རྡོ་སོལ་སྣུམ་འཚག་རྣམ་གྲངས་ཁུལ་དུ་འཚོགས་པ་དང་མཛད་སྒོའི་ཐོག་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སྒྲོག་སྦྱངས་བྱས་པ་རེད།
         རྣམ་གྲངས་དེ་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་ལོར་སྣུམ་ཏུན་ཁྲི་405ཐོན་སྐྱེད་ཐུབ་རྒྱུ་དང་དེ་ནི་མིག་སྔར་འཛམ་གླིང་ཐོག་མ་དངུལ་གཏོང་ཚད་མང་ཤོས་དང་། སྒྲིག་ཆས་ཆེ་ཤོས། ཀྲུང་གོའི་རང་བརྟེན་ཤེས་བྱའི་བདག་དབང་ལྡན་པ་བཅས་ཀྱི་རྡོ་སོལ་གཤེར་འགྱུར་གྱི་དཔེ་སྟོན་རྣམ་གྲངས་ཤིག་རེད།