མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་པེ་ཅིང་གྲོང་ཁྱེར་བརྒྱད་གཅིག་སློབ་གྲྭའི་ཚན་རིག་ཁྱབ་གདལ་སྲུང་སྐར་
ཆུང་ཆུང་ཞིབ་བཟོ་ཚོགས་པའི་སློབ་མར་འཕྲིན་ལན་བཏང་སྟེ་བསྔགས་སྐུལ་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་30ཉིན། 09:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་28ཉིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་བརྒྱད་གཅིག་སློབ་གྲྭའི་ཚན་རིག་ཁྱབ་གདལ་སྲུང་སྐར་ཆུང་ཆུང་ཞིབ་བཟོ་ཚོགས་པའི་སློབ་མར་འཕྲིན་ལན་བཏང་གནང་ཞིང་། ཁོང་གིས་གློག་འཕྲིན་ནང་། ཁྱེད་ཚོས་ཇུས་འགོད་དང་ཞིབ་བཟོ་བྱས་པའི་ཚན་རིག་ཁྱབ་གདལ་སྲུང་སྐར་ཆུང་ཆུང་འཕེན་གཏོང་བྱེད་གྲབས་ཡོད་པ་ཤེས་སྐབས་སེམས་ནང་ཧ་ཅང་དགའ་པོ་བྱུང་། སློབ་འབྲིང་སློབ་མས་ཚན་རིག་ཁྱབ་གདལ་གྱི་སྲུང་སྐར་ཇུས་འགོད་དང་ཞིབ་བཟོ་བྱེད་པ་ནི་ཚོད་ལྟ་ཡག་པོ་ཞིག་རེད། ཁྱེད་ཚོར་ཚན་རྩལ་རྩེར་སྙེགས་ཀྱི་བརྩེ་སེམས་དང་བློ་སྟོབས་ལྡན་པ་དེས་ང་ལ་སེམས་འགུལ་ཚད་མེད་ཐེབས་བྱུང་ཞེས་འཁོད་ཡོད་པ་རེད།
     ཞིས་ཅིན་ཕིང་གིས་ཁྱེད་ཚོས་བསྐུར་བའི་གློག་འཕྲིན་ནང་། སྲུང་སྐར་ཆུང་ཆུང་དེ་ཐོ་རེངས་སྐར་ཆེན་ལྟ་བུའི་ནུས་པ་ཐོན་པར་བྱས་ཏེ་ཚན་རིག་འཚོལ་ཞིབ་བྱེད་པའི་རང་ཉིད་ཀྱི་སྤྲོ་སེམས་རྒྱུན་ཆད་མེད་པར་འཕེལ་བ་བྱ་རྒྱུ་ཡིན་ཞེས་འཁོད་འདུག སླད་ཕྱིན་ཁྱེད་ཚོས་ཤེས་བྱ་སྦྱོང་བའི་སེམས་ཤུགས་དེ་མུ་མཐུད་རྒྱུན་འཁྱོངས་དང་། འཚོལ་ཞིབ་ཀྱི་སྤྲོ་སྣང་རྒྱུན་འཁྱོངས། ཚན་རིག་གི་སྙིང་སྟོབས་སྐྱེད་སྲིང་། སློབ་སྦྱོང་ལ་འབད་བརྩོན། ཧུར་བརྩོན་ཆེན་པོས་ལག་ལེན་བཅས་བྱས་ཏེ་གཞོན་ནུ་ལོ་ཆུང་དེ་བས་མང་པོར་ཚན་རིག་ལ་སྣང་ཆེན་དང་། ཚན་རིག་ལ་དགའ་ཞེན། ཚན་རིག་སློབ་སྦྱོང་། ཚན་རིག་བེད་སྤྱོད་བཅས་བྱ་རྒྱུར་སྐུལ་ཁྲིད་བྱ་རྒྱུར་རེ་བ་ཡོད་ལ། མེས་རྒྱལ་གྱི་ཀ་གདུང་ལྟ་བུར་འགྱུར་བ་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཕྱིར་དེ་བས་ལེགས་པའི་སྒོ་ནས་ནུས་པ་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བའང་ཡོད། ལོ་གསར་འཆར་ཉེར་ཡོད་པའི་མཚམས་འདིར་ངས་ཁྱེད་ཚོ་དང་སློབ་གྲྭ་དེ་ཡོངས་ཀྱི་དགེ་སློབ་ཡོངས་ལ་ལོ་གསར་གྱི་མཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
     འདི་ལོའི་ཟླ་9ཚེས་9ཉིན་ཞིས་ཅིན་ཕིང་རང་ཉིད་ཀྱི་མ་ཡུམ་སློབ་གྲྭ་སྟེ། པེ་ཅིང་གྲོང་ཁྱེར་བརྒྱད་གཅིག་སློབ་གྲྭའི་ཚན་རིག་ཁྱབ་གདལ་ཚོད་ལྟ་ཁང་ནང་ཕེབས་ནས་ཚན་རིག་ཁྱབ་གདལ་གྱི་སྲུང་སྐར་ཆུང་ཆུང་ཞིབ་བཟོ་བྱེད་བཞིན་པའི་དགེ་རྒན་དང་སློབ་མ་ཚོ་དང་སྤེལ་རེས་གནང་བ་དང་སྦྲགས་སློབ་མ་ཚོར་སྲུང་སྐར་ཆུང་ཆུང་འཕེན་གཏོང་བྱེད་སྐབས་ང་ལ་ལན་བྱེད་རོགས་ཞེས་གསུངས་པ་རེད། སྲུང་སྐར་འཕེན་གཏོང་མ་བྱས་གོང་ཚན་རིག་ཁྱབ་གདལ་སྲུང་སྐར་ཆུང་ཆུང་ཞིབ་བཟོ་ཚོགས་པའི་སློབ་མ་ཚོས་སྤྱི་ཁྱབ་ཧྲུའུ་ཅིར་གློག་འཕྲིན་བཏང་ཞིང་། གློག་འཕྲིན་ནང་སྲུང་སྐར་ཆུང་ཆུང་འཕེན་གཏོང་བྱེད་གྲབས་ཡོད་པའི་གནས་ཚུལ་སྙན་སེང་ཞུས་པ་དང་འབྲེལ་སྲུང་སྐར་ཆུང་ཆུང་དེ་ཐོག་རེངས་སྐར་ཆེན་ལྟ་བུའི་ནུས་པ་ཐོན་པར་བྱས་ཏེ་ཚན་རིག་འཚོལ་ཞིབ་བྱེད་པའི་ང་ཚོའི་སྤྲོ་སེམས་རྒྱུན་ཆད་མེད་པར་འཕེལ་བའང་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།