མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་2017ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་01ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་2017ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་པ།

         མི་དམངས་དྲ་བའི་འཕྲིན། ལོ་གསར་གྱི་སྔ་ནུབ་ཏུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་དང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས། ཀྲུང་གོ་རྒྱལ་སྤྱིའི་བརྙན་འཕྲིན་ལས་ཁུངས་(ཀྲུང་གོ་ས་གོ་ལ་ཧྲིལ་པོའི་བརྙན་འཕྲིན་དྲ་བ)དང་དྲ་སྦྲེལ་བཅས་བརྒྱུད་ནས་2017ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་པ་རེད། ཤིས་ཚིག་གི་ནང་དོན་ཆ་ཚང་གཤམ་གསལ།
          2016ལོ་འདས་ཉེར་ཡོད་པ་དང་ལོ་གསར་པའི་ཅོང་སྒྲ་གྲགས་ཉེར་ཡོད། ལོ་རྙིང་པ་ཕར་ལ་བསྐྱལ་བ་དང་ལོ་གསར་པ་ཚུར་ལ་བསུ་བའི་དུས་བཟང་འདིར་ངས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་དབན་བ་དང་ཕྱིར་སྡོད་སྤུན་ཟླ་བཅས་དང་དེ་བཞིན་འཛམ་གླིང་རྒྱལ་ཁབ་ཁག་དང་ས་ཁུལ་ཁག་གི་གྲོགས་པོ་རྣམས་ལ་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན།
         2016ལོ་ནི་ཀྲུང་གོའི་མི་དམངས་ཀྱི་ངོས་ནས་བརྗོད་ན་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཡིན་ལ་བརྗེད་པར་དཀའ་བའི་ལོ་ཞིག་ཀྱང་ཡིན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་བརྩམས་ཡོད། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་ཧུར་ཐག་བསྟར་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་འཕེལ་རིམ་མགྱོགས་སུ་བཏང་སྟེ་རང་རྒྱལ་གྱི་དཔལ་འབྱོར་འཕར་རྒྱུ་མུ་མཐུད་འཛམ་གླིང་གི་མདུན་གྲལ་དུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད། ང་ཚོས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཐད་གོམ་སྟབས་གལ་ཆེན་སྤོས་པ། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཐད་ཚད་བརྒལ་གལ་ཆེན་བྱུང་བ། ཁྱབ་ཁོངས་ཁག་ཏུ་ཀ་བཞི་གདུང་བརྒྱད་ཀྱི་ངོ་བོ་ལྡན་པའི་སྒྱུར་བཅོས་ཀྱི་བྱེད་པོའི་སྒྲོམ་གཞི་སྤྱིར་ན་གཏན་འཁེལ་ཟིན་ཡོད། ང་ཚོས་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཁྲིམས་འཛིན་དྲང་གཞག་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱས་ཡོད། ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་བློ་བརྟན་འགྱུར་མེད་ཀྱིས“སྟག་སྦྲང་མཉམ་རྡུང”བྱས་ཏེ་ཆབ་སྲིད་ཀྱི་ཁོར་ཡུག་མུ་མཐུད་དྭངས་གཙང་ཡོང་བ་བྱས་པ་དང་། ཏང་སྲོལ་དང་། སྲིད་སྲོལ། སྤྱི་ཚོགས་ཀྱི་དར་སྲོལ་བཅས་མུ་མཐུད་ལེགས་སུ་བཏང་ཡོད།
         2016ལོར“ཀྲུང་གོའི་འཇིག་རྟེན་མིག”བསྐྲུན་ནས་བེད་སྤྱོད་གཏོང་འགོ་ཚུགས་པ་དང་། “ཝུའུ་ཁུང”རྟགས་ཅན་འཁོར་ལམ་དུ་འཁོར་སྐྱོད་བྱས་ནས་ལོ་གཅིག་སོང་བ། “མོ་ཙེ་རྟགས་ཅན”མཁའ་དབྱིངས་སུ་འཕེན་གཏོང་བྱས་པ། ལྷ་གྲུ་ཨང་བཅུ་གཅིག་པ་དང་སུམ་རྩེན་ཨང་གཉིས་པ་བར་སྣང་དབྱིངས་སུ་འཕེན་གཏོང་བྱས་པ། ཀྲུང་གོའི་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པས་གྲུབ་འབྲས་བཟང་པོ་བཏོད་པ། ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོའི་རུ་ཁག་ལ་ལོ་12སོང་རྗེས་སླར་ཡང་ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ་སོགས་བྱུང་ཡོད། ད་དུང་སྒྱུར་བཅོས་བྱས་པ་བརྒྱུད་གྲོང་གསེབ་ཀྱི་གཞན་སྒྱུར་མི་འབོར་གྲོང་མི་ཅན་དུ་འགྱུར་རྒྱུར་དེ་བས་སྟབས་བདེ་བྱུང་བ་དང་། ས་ཁུལ་དབུལ་པོ་མང་པོ་ཞིག་གི་ཕྲུ་གུ་སློབ་གྲྭར་སྐྱོད་པའི་ཆ་རྐྱེན་ལེགས་སུ་ཕྱིན་པ། མི་སེར་ཚོས་ཡུལ་གཞན་དུ་ཐོབ་ཐང་ལག་ཁྱེར་གཉེར་རྒྱུར་སྟབས་བདེ་བསྐྲུན་པ། དུས་ཡུན་རིང་པོ་ཐེམ་ཐོ་མེད་པའི་མི་ཁག་གཅིག་ཐེམ་ཐོ་ཐོ་འགོད་བྱེད་ཆོག་པ། མང་ཚོགས་མང་པོ་ཞིག་ལ་རང་ཉིད་ཀྱི་ཁྱིམ་ཚང་སྨན་པ་ཡོད་པ། ཆུ་བོ་ཚང་མར“ཆུ་དཔོན”རེ་ཡོད་པ་སོགས་བྱུང་ཡོད། དེ་དག་ཐམས་ཅད་ལས་ང་ཚོ་དགའ་ཞིང་བློ་བདེ་བ་ཞིག་བྱུང་།
          2016ལོར་མཛེས་སྡུག་ལྡན་པའི་ཤིས་ཙེ་མཚེའུའི་ངོགས་སུ་ང་ཚོས་རྒྱལ་ཁབ་20ཚོགས་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་ཐེངས་བཅུ་གཅིག་པ་འཚོགས་ནས་འཛམ་གླིང་ལ་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་ཕུལ་ཡོད་ལ་འཛམ་གླིང་ལ་བརྗིད་ཆགས་ཉམས་དགའི་ཀྲུང་གོའི་བག་ཆགས་དང་ཀྲུང་གོའི་ཉམས་འགྱུར་མངོན་པར་བྱས་ཡོད། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཡོད། ང་ཚོས་ཞི་བདེ་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་མངའ་ཁོངས་ཀྱི་བདག་དབང་དང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད། སུ་ཞིག་གིས་གནད་དོན་དེའི་ཐད་ཐེ་ཇུས་བྱས་ཚེ་ཀྲུང་གོ་མི་དམངས་ཀྱིས་ཁས་གཏན་ནས་ལེན་གྱི་མ་རེད།
          ལོ་གཅིག་རིང་ས་ཁུལ་མང་པོ་ཞིག་ཏུ་ཐོན་པའི་རང་བྱུང་གནོད་འཚེ་དང་བདེ་འཇགས་ལས་འཛོལ་གྱིས་མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་དང་ཐོན་སྐྱེད་འཚོ་བར་གྱོང་གུན་ཚབས་ཆེན་བཟོས་ཡོད་པས་ང་ཚོ་ཡིད་ཧ་ཅང་ཕངས་པོ་བྱུང་། ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེའི་བློ་མཐུན་ཁ་ཤས་ཀྱིས་དཔའ་ཉམས་ལྡན་པའི་ངང་རང་སྲོག་བློས་བཏང་ནས་འཛམ་གླིང་ཞི་བདེ་ཡོང་ཆེད་རྩ་ཆེའི་ཚེ་སྲོག་སྐྱེས་ཕུལ་ཡོད་པས་ང་ཚོས་ཁོང་ཚོར་དྲན་གསོ་ཞུ་རྒྱུ་ཡིན་ལ་ཁོང་ཚོའི་གཉེན་ཉེར་ལྟ་རྟོག་ཡག་པོ་བྱེད་རྒྱུ་ཡིན།
         2016ལོར་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུས་ཡོད། ང་ཚོས་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཆེད་ལེགས་སྐྱེས་ཕུལ་མཁན་རྒན་རབས་པ་སེམས་ནང་བརྟན་པོར་ངེས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱས་ཡོད།
         “གནའ་བཟང་དེང་སྤྱོད་དང་རྙིང་དོར་གསར་ལེན་བྱེད”འཆར་ཉེར་ཡོད་པའི་2017ལོར་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོག་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ཀྱི་ཐད་མུ་མཐུད་ཤུགས་རྒྱག་རྒྱུ་རེད། དཀའ་བ་མ་སྤྱད་པར་འབྲས་བུ་ཐོབ་མི་སྲིད་པས་འབད་འཐབ་ཧུར་ཐག་བྱས་ཚེ་གཞི་ནས་ཕུགས་འདུན་འགྲུབ་ཐུབ།
         འབྱོར་འབྲིང་ལམ་དུ་མི་གཅིག་ཀྱང་རྗེས་སུ་མི་ལུས་པ་བྱས་ཡོད། ལོ་གཅིག་རིང་། མི་འབོར་དབུལ་པོ་ཁྲི་1000ལྷག་ཙམ་སླར་ཡང་དབུལ་སྒྲོལ་ཐུབ་ཡོད་པས་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་བཞིན་པའི་བློ་མཐུན་རྣམས་སྐུ་ལས་ཁག་སོང་བས་ངས་བློ་མཐུན་རྣམས་ལ་གུས་འདུད་ཞུ་རྒྱུ་ཡིན། ལོ་གསར་པ་ཤར་བའི་མཚམས་སུ་དཀའ་ངལ་ཡོད་པའི་མང་ཚོགས་རྣམས་ཀྱི་ཟས་གོས་གནས་ཚུལ་གང་འདྲ་ཡོད་མེད་དང་ལོ་གསར་དང་དཔྱིད་གསར་དུས་ཆེན་ཡག་པོ་གཏོང་ཐུབ་མིན་ཐད་ངས་སེམས་ཁྲལ་ཆེ་ཤོས་བྱེད་ཀྱི་ཡོད། ལས་ཞུགས་དང་། བུ་ཕྲུག་གི་སློབ་གསོ། སྨན་བཅོས། སྡོད་ཁང་སོགས་ཀྱི་ཐད་མང་ཚོགས་ཁག་གཅིག་ལ་ད་དུང་དཀའ་ངལ་ཡོད་པ་ངས་ཀྱང་ཤེས་ཀྱི་ཡོད། གནད་དོན་དེ་དག་རྒྱུན་ཆད་མེད་པར་ཐག་གཅོད་བྱེད་རྒྱུ་ནི་ཏང་དང་སྲིད་གཞུང་གི་དོར་ཐབས་མེད་པའི་འགན་འཁྲི་ཞིག་ཡིན། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་མི་འབོར་དབུལ་པོ་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་མུ་མཐུད་སེམས་ཁུར་དང་རོགས་རམ་བྱས་ཏེ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བརྟེན་ནས་མང་ཚོགས་དེ་བས་མང་བར་ཕན་པ་ཐོབ་པ་དང་མི་དམངས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས།
         ང་ཚོ་མི་དམངས་དུང་ཕྱུར་13གྱིས་ཕྱར་བ་གྲུ་འདེགས་བྱེད་པ་དང་། རང་རེའི་ཏང་གིས་ནམ་ཡང་མི་དམངས་དང་མཉམ་དུ་གནས་པ་བྱས་ནས་ཚང་མས་ཤུགས་གཅིག་ཏུ་བརྒྱབ་ཚེ་ང་ཚོ་མི་རབས་འདིའི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་སྐྱོད་ཐུབ་ངེས་རེད།
         ཀྲུང་གོ་བས་སྔར་ནས་བཟུང“འཛམ་གླིང་སྤྱི་མཚུངས་དང་། གནམ་འོག་ཁྱིམ་ཚང་གཅིག”གི་འདོད་ཚུལ་འཛིན་གྱི་ཡོད། ཀྲུང་གོ་མི་དམངས་ཀྱིས་རང་ཉིད་འཚོ་བ་སྐྱིད་པོ་ཡོང་བའི་རེ་བ་བྱེད་པ་མ་ཟད། ད་དུང་རྒྱལ་ཁབ་གཞན་གྱི་མི་དམངས་འཚོ་བ་སྐྱིད་པོ་སྐྱེལ་རྒྱུའི་རེ་བའང་བྱེད་ཀྱི་ཡོད། དེང་སྐབས་དམག་འཁྲུག་གི་ཟང་ཟིང་དང་དབུལ་ཕོངས་ཀྱིས་རྒྱལ་ཁབ་དང་ས་ཁུལ་ཁག་གཅིག་ལ་སྔར་བཞིན་དཀའ་ངལ་བཟོ་བཞིན་ཡོད་ལ་ནད་གཞི་དང་གནོད་འཚེས་ཀྱང་མི་མང་པོ་ཞིག་ལ་ཕོག་ཐུག་གཏོང་བཞིན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་འཛིན་བྱས་ནས་ང་ཚོའི་ས་གོ་ལ་འདི་དེ་བས་ཞི་བདེ་དང་དེ་བས་དར་རྒྱས་ལྡན་པ་ཞིག་ཏུ་བསྐྲུན་རྒྱུར་ངས་ཟོལ་མེད་རེ་བ་འཆང་བཞིན་ཡོད།
          ང་ཚོས་ཡིད་ཆེས་དང་རེ་བས་ཁེངས་བཞིན་མཉམ་དུ་ལོ་གསར་པ་བསུ་རྒྱུ་ཡིན།
         ལྷན་རྒྱས་ལ་ཐུགས་རྗེ་ཆེ་ཞུ།