མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་བཟའ་བཅའི་བདེ་འཇགས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་05ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་3ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་བཟའ་བཅའི་བདེ་འཇགས་ལས་དོན་ཐད་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་སྟེ་ཟས་ནི་མི་ཡི་འཚོ་རྟེན་ཡིན་པས། བཟའ་བཅའི་བདེ་འཇགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རང་རྒྱལ་གྱི་མི་འབོར་དུང་ཕྱུར་13ལྷག་ཙམ་གྱི་གཟུགས་པོ་བདེ་ཐང་དང་ཚེ་སྲོག་བདེ་འཇགས་དང་འབྲེལ་བ་ཡོད་པས་ངེས་པར་དུ་དེ་བས་དམ་འཛིན་ནན་པོ་བྱེད་དགོས། ད་ཕན་ལོ་ཤས་རིང་ཏང་དང་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་བཟའ་བཅའི་བདེ་འཇགས་ལས་དོན་དམ་འཛིན་བྱས་པར་བརྟེན། བཟའ་བཅའི་བདེ་འཇགས་ཀྱི་དུས་བབ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད། འོན་ཀྱང་གནད་དོན་མི་ཉུང་བ་ཞིག་སྔར་བཞིན་གནས་པའི་ཁར་མི་སེར་གྱི་རེ་སྒུག་ཀྱང་སྔར་བཞིན་མང་བས། ངེས་པར་དུ་ཡང་འབད་བསྐྱར་འབད་ཀྱི་སྒོ་ནས་ལས་དོན་དེ་ཞིབ་ཕྲ་དང་ཏན་ཏིག་ངང་བསྒྲུབས་ཏེ་མི་དམངས་མང་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་ཕྱོགས་ཡོངས་ནས་བཟའ་བཅའི་བདེ་འཇགས་ལས་དོན་ཡག་པོ་སྒྲུབ་སྟེ་དེ་བས་དམ་ནན་གྱི་ཚད་གཞི་དང་། དེ་བས་ནན་པའི་ལྟ་སྐུལ་དོ་དམ། དེ་བས་ནན་པའི་ཆད་གཅོད། དེ་བས་ནན་པའི་འགན་འཁྲི་བདའ་འདེད་བཅས་མཐའ་འཁྱོངས་བྱས་ཏེ་བཟའ་བཅའི་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་གྱི་གཅིག་གྱུར་རང་བཞིན་དང་ཆེད་ལས་རང་བཞིན་ལ་ཤུགས་སྣོན་བརྒྱབ་ནས་བཟའ་བཅའི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ཆུ་ཚད་དང་ནུས་པ་ཆེ་རུ་གཏོང་དགོས་པ་དང་། བཟའ་བཅའི་བདེ་འཇགས་ཀྱི་ཁྲིམས་ལྟར་བཅོས་སྒྲིག་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། ལས་རིགས་ཅན་གྱི་ཞིབ་བཤེར་མི་སྣའི་དཔུང་ཁག་འཛུགས་སྐྱོང་། བཟའ་བཏུང་ལས་རིགས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། “ཞིང་ནང་ནས་གསོལ་ཅོག”བར་གྱི་བརྒྱུད་རིམ་ཧྲིལ་པོའི་བཟའ་བཅའི་བདེ་འཇགས་ལས་དོན་ལ་ཤུགས་སྣོན་རྒྱག་པ། བཟའ་བཅའི་བདེ་འཇགས་ཉེན་ཁར་དོགས་ཟོན་ནན་པོ་དང་། དོ་དམ་ནན་པོ། ཚོད་འཛིན་ནན་པོ་བཅས་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བཟའ་འཐུང་བློས་འཁེལ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གནང་ཞིང་། བཟའ་བཅའི་བདེ་འཇགས་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་མཚོན་རྟགས་གལ་ཆེན་ཞིག་རེད། 2016ལོར་རིམ་ཁག་བཟའ་བཅའི་བདེ་འཇགས་ཨུ་ལྷན་དང་ཁོངས་མིའི་ཚན་པས་ལས་དོན་འབོར་ཆེན་བསྒྲུབས་པར་བརྟེན། དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ཡོད། སྐབས་འདི་དང་བསྟུན་ནས་བློ་མཐུན་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་མ་ཟད། ལོ་གསར་པའི་ནང་སྔར་བཞིན་རྙོག་འཛིང་ཛ་དྲག་གི་བཟའ་བཅའི་བདེ་འཇགས་དུས་བབ་ལ་ཕྱོགས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་བཟའ་བཅའི་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་འཇོག་པ་དང་བཟའ་བཅའི་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་གྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་བཟའ་བཅའི་བདེ་འཇགས་ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་དགོས་པ་དང་། བཟའ་བཅའི་བདེ་འཇགས་ཨུ་ལྷན་གྱི་གཅིག་གྱུར་འགོ་ཁྲིད་དང་བཟའ་བཅའི་བདེ་འཇགས་གཞུང་ལས་ཁང་གི་ཕྱོགས་བསྡུས་མཐུན་སྦྱོར་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ་འབྱུང་རྩ་ནས་ཚོད་འཛིན་དང་། ཐོན་སྐྱེད་དང་དོ་དམ་གལ་ཆེན་མཉམ་དུ་འཇོག་པ། ཁྲིམས་ལ་བརྟེན་ནས་བཅོས་སྒྲིག ལྷུ་ཚིགས་ཁག་དང་ཕྱོགས་ཁག་གི་འགན་འཁྲི་བརྟན་གཏོང་། ལྟ་སྐུལ་དོ་དམ་གྱི་ཕན་འབྲས་དང་ནུས་པ་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་མཉམ་བཅོས་མཉམ་ཤུགས་གཅིག་སྒྲིལ། “གསོལ་ཅོག་གི་སྦགས་བཙོག”སྔར་བས་བཅོས་སྒྲིག་བཅས་བྱས་ཏེ་བཟའ་བཅའི་བདེ་འཇགས་དུས་བབ་མུ་མཐུད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་ཚད་དང་ཐོབ་ཚོར་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།
        ཚེས་3ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའི་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཀྲང་ཀའོ་ལིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཟའ་བཅའི་བདེ་འཇགས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཚོགས་འདུའི་ཐོག་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཁེ་ཆང་གི་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པ་མ་ཟད། 2016ལོའི་བཟའ་བཅའི་བདེ་འཇགས་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་2017ལོའི་གཙོ་གནད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་བྱས་པ་རེད།