མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་འདེམས་བསྐོའི་ལས་དོན་གྱི་སྒྲིག་འཛུགས་དང་
འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་07ཉིན། 11:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་འདེམས་བསྐོའི་ལས་དོན་ནི་གལ་ཆེ་ལ་སྒམ་ནན་གྱི་ཆབ་སྲིད་ལས་འགན་ཞིག་ཡིན་པས་ཆབ་སྲིད་ཀྱི་རང་བཞིན་དང་སྲིད་ཇུས་ཀྱི་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད། ལས་དོན་དེ་ཡག་པོ་བསྒྲུབ་པར་ལས་འགན་ལྕི་བ་དང་། འགན་འཁྲི་ཆེ་བ། བླང་བྱ་མཐོ་བ་བཅས་ཡོད། འདེམས་བསྐོའི་ཚན་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྒྲིག་འཛུགས་ཚགས་ཚུད་པོ་བྱེད་པ། བཀོད་སྒྲིག་ཞིབ་ཚགས་བྱེད་པ། ལག་ལེན་ནན་ཏན་བསྟར་བ་བཅས་ཏན་ཏིག་བྱས་ཏེ། ཚོགས་ཆེན་བཅུ་དགུ་པའི་འཐུས་མི་འདེམས་བསྐོའི་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས།
         སྒྲིག་འཛུགས་དང་སྐུལ་སློང་གཏིང་ཟབ་བྱེད་དགོས། ཆེད་དོན་ཏང་གི་སློབ་ཚན་དང་། སྨྱན་སྦྱོར་གྱི་དྲིལ་བསྒྲགས། འཐུས་མི་འདེམས་བསྐོའི་ལག་དེབ་བཟོ་བ་སོགས་བྱ་ཐབས་སྣ་ཚོགས་སྤྱད་དེ་ཏང་ཡོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན། ཚོགས་ཆེན་བཅུ་དགུ་པའི་འཐུས་མི་འདེམས་བསྐོའི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛུབ་སྟོན་གྱི་དགོངས་དོན་བཅས་སློབ་སྦྱོང་གཏིང་ཟབ་བྱ་རྒྱུའི་སྒྲིག་འཛུགས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་གྱིས་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་འདེམས་བསྐོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱ་རྒྱུ་དང་། འཐུས་མི་འདེམས་བསྐོའི་ལས་དོན་གྱི་སྲིད་ཇུས་གཏན་འབེབས་དང་གོ་རིམ་རྒྱུས་མངའ་དང་ཁོང་དུ་ཆུད་པ་བྱེད་པ། ཧུར་བརྩོན་དང་འགན་འཁྲི་འཁུར་བའི་ཐོག་ནས་འཐུས་མིའི་འོས་མི་འོས་སྦྱོར་མིང་འདོན་ནང་ཞུགས་པ་བཅས་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ཞུགས་ཚད་འགན་ལེན་བྱེད་དགོས་པ་དང་། ལྷག་པར་དུ་ཕྱོགས་མིའི་ཏང་ཡོན་དང་། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ཏང་ཡོན། ན་རྒས་གཟུགས་གཞི་སྐྱོ་བ་དང་འགྲོ་སྐྱོད་མི་བདེ་བའི་ཏང་ཡོན་སོགས་ཚོགས་སྤྱིའི་གནས་ཚུལ་མི་འདྲ་བར་དམིགས་རྒྱུར་མཉམ་འཇོག་གིས་ཁ་པར་དང་འཕྲིན་ཡིག་ཐོག་ནས་འབྲེལ་བ་བྱེད་པ་དང་སྒོ་རྩར་བཅར་བ་སོགས་བྱ་ཐབས་སྤྱད་ནས་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་གཏོང་བ་དང་སློབ་སྦྱོང་གི་དཔྱད་གཞི་བསྐུར་ཏེ་ཁོང་ཚོའི་བསམ་འཆར་ཉན་པ་དང་ཁོང་ཚོ་འོས་སྦྱོར་མིང་འདོན་ནང་ཞུགས་རྒྱུ་སྒྲིག་འཛུགས་བྱས་ནས། གཞི་རིམ་ཏང་རྩ་འཛུགས་ཡོངས་ལ་ཁྱབ་པ་དང་ཏང་ཡོན་ཚང་མ་ཞུགས་ཐུབ་པ་ཧུར་ཐག་བྱེད་དགོས།
        ཏང་རྩ་འཛུགས་ཀྱི་འགོ་ཁྲིད་དང་འགག་སྒོ་སྲུང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་དར་ཆ་གསལ་སྟོན་དང་འགན་འཁྲི་འཁུར་ཕོད་པའི་ཐོག་ནས་འཐུས་མི་འདེམས་བསྐོའི་བརྒྱུད་རིམ་ཧྲིལ་པོར་བླང་བྱ་དེ་ལག་ལེན་ནན་ཏན་བསྟར་དགོས། འོས་མིའི་འགག་སྒོ་སྲུང་རྒྱུ་མངོན་གསལ་དོད་པོ་ཡོང་བ་དང་འཐུས་མིའི་ཆ་རྐྱེན་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་འཇོག་པ་དང་སྤྱོད་གཙང་གི་འགག་སྒོ་སྲུང་རྒྱུ་གཙོ་གནད་དུ་བརྩིས་ནས་འོས་མིའི་གནས་ཚུལ་ལ་རྒྱུས་མངའ་གཏིང་ཟབ་ལོན་པ་བྱས་ཁར། མཉམ་སྡེབ་ཐོག་ཞིབ་འཇུག་དང་། ཞིབ་དཔྱད་ནན་པོ། ལེགས་ཁྲོད་ཡག་འདེམས་བཅས་བྱེད་དགོས། བརྒྱུད་རིམ་གྱི་འགག་སྒོ་སྲུང་རྒྱུར་མཐོང་ཆེན་གྱིས་བརྒྱུད་རིམ་ལག་བསྟར་དང་བཀོལ་སྤྱོད་ཚད་ལྡན་ནན་པོ་ཡོང་བ་བྱས་ཏེ། ལྷུ་ཚིགས་དང་གོ་རིམ་ཁག་ཚང་མར་སྐབས་བསྟུན་འགྱུར་ལྡོག་མི་གཏོང་བ་དང་། བཟོ་ལྟ་མ་འགྱུར་བ། སྟབས་བདེ་རུ་མི་གཏོང་བ་བཅས་བྱེད་དགོས། མཉམ་འབྲེལ་ཐོག་འགག་སྒོ་སྲུང་རྒྱུར་ཤུགས་སྣོན་གྱིས་འབྲེལ་ཡོད་འགན་ནུས་ཚན་པའི་ཆ་འཕྲིན་སྤེལ་རེས་དང་ཞིབ་བཤེར་མཐུན་སྦྱོར་གྱི་ལས་ཀའི་ལམ་སྲོལ་བཙུགས་ཐོག བསམ་འཆར་བསྡུ་ལེན་དང་ཉན་པ་དང་ཏང་ཡོན་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་ཐག་གཅོད་སོགས་ལས་དོན་ཡག་པོ་བསྒྲུབས་ནས་འཐུས་མིའི་འོས་མིའི་སྤྱོད་གཙང་དང་སྒྲིག་བཀུར་ཁྲིམས་སྲུང་སོགས་ཀྱི་གནས་ཚུལ་གྱི་འགག་སྒོ་སྲུང་དགོས། འཐུས་མིའི་འོས་མིའི་གནད་དོན་གོང་ཞུ་བྱས་རིགས་ལ་བརྟག་དཔྱད་ཞིབ་བཤེར་ནན་ཏན་བྱས་ཏེ་ཁ་གསལ་བའི་ཕྱོགས་སྡོམ་རང་བཞིན་གྱི་བསམ་འཆར་འདོན་དགོས།
        ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། འདེམས་བསྐོའི་སྒྲིག་ཁྲིམས་བཅས་ནན་པོ་སྲུང་དགོས། ངེས་པར་དུ་སྒྲིག་ཁྲིམས་དང་སྒྲིག་སྲོལ་སྔོན་དུ་བཞག་ནས་སྒྲིག་ཁྲིམས་ཀྱི་གཏན་འབེབས་དང་། ལྟ་སྐུལ་ཞིབ་བཤེར། སྒྲིག་སྐྱོང་དང་འགན་འཁྲི་བདའ་འདེད་བཅས་ནན་པོ་སྲུང་དགོས། སློབ་གསོ་སྔོན་དུ་དང་། ཉེན་བརྡ་སྔོན་དུ། སྔོན་འགོག་སྔོན་དུ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་ཡོན་ལས་བྱེད་པས་ལེའོ་ཉིང་དང་། ཧུའུ་ནན་ཧེང་དབྱང་། སི་ཁྲོན་ནན་ཁྲུང་སོགས་ས་ཆར་ཐོན་པའི་འདེམས་ཤོག་དང་འདེམས་བསྐོ་བསླུ་ཉོའི་གྱོད་གཞི་དང་འདེམས་བསྐོར་གནོད་འཚེ་བཟོ་བའི་གྱོད་གཞིའི་བསླབ་བྱ་ནན་པོ་བླངས་ནས་སྒྲིག་ཁྲིམས་སྲུང་བའི་རང་རྟོགས་བསམ་བློ་ཟབ་ཏུ་གཏོང་བ་དང་སྒྲིག་ཁྲིམས་ཀྱི་བླང་བྱ་ནན་པོ་སྲུང་དགོས། ཞིབ་བཤེར་ཐག་གཅོད་དང་འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས་འདེམས་ཤོག་དང་འདེམས་བསྐོ་བསླུ་ཉོ་བྱེད་པ་དང་། གནས་ཚུལ་བཤད་ནས་གོ་བརྡ་སྤྲོད་པ། འདེམས་བསྐོར་གནོད་འཚེ་བཟོ་བ་སོགས་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཐར་པར་གཏན་ནས་མི་གཏོང་བར་གཅིག་ཤེས་པ་དེ་འཕྲལ་དུ་ཐག་གཅོད་བྱས་ནས་རྒྱ་ཡན་དུ་གཏན་ནས་གཏོང་རྒྱུ་མེད་ལ། འདེམས་བསྐོའི་སྤྱོད་ཚུལ་གཞུང་དྲང་མེད་པ་དང་། ཞིབ་བཤེར་ཐག་གཅོད་བྱེད་ཤུགས་མི་འདང་བ། ཤུགས་རྐྱེན་ངན་པ་བཟོས་པ་བཅས་ལ་ཏང་ཨུད་དང་འབྲེལ་ཡོད་སྡེ་ཚན་འགོ་ཁྲིད་ཀྱི་འགན་འཁྲི་བདའ་འདེད་ནན་པོ་བཏང་ནས་འཐུས་མི་འདེམས་བསྐོའི་བརྒྱུད་རིམ་ཧྲིལ་པོ་སྤྱོད་གཙང་གཞུང་དྲང་ཡོང་བའི་འགན་ལེན་བྱེད་དགོས།
        བསམ་བློ་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། ཐེངས་འདིའི་འཐུས་མི་འདེམས་བསྐོའི་ཐད། ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་འཐུས་མིའི་བསྡུར་ཚད་འོས་འཚམ་དམའ་རུ་བཏང་བ་དང་ཁྲོལ་ཡོད་བརྟག་ཞིབ་དང་ཁྲོལ་ཡོད་འདེམས་བསྐོ་ལག་བསྟར་བྱས་རྐྱེན་འོས་སྦྱོར་མིང་འདོན་མ་བྱས་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་བལྟོས་བཅས་ཀྱིས་མང་དུ་ཕྱིན་པ་མ་ཟད། བློ་མཐུན་ཁག་ཅིག་འོས་སྦྱོར་མིང་འདོན་བྱས་ཀྱང་འདེམས་བསྐོ་ཐུབ་མེད་པ་རེད། ཐོན་སྲིད་པའི་གནས་ཚུལ་དང་གནད་དོན་ལ་དམིགས་ནས། བསམ་བློ་ཆབ་སྲིད་ལས་དོན་གཏིང་ཟབ་དང་ཞིབ་ཚགས་དང་ཏན་ཏིག་སྤེལ་ནས། ཏང་ཡོན་དང་ལས་བྱེད་པ་ཚོར་ཀྲུང་དབྱང་གི་དགོངས་པར་གོ་བ་ཡང་དག་ལེན་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། “འདུ་ཤེས་བཞི”དང་ལྷག་པར་དུ་སྲོག་ཤིང་གི་འདུ་ཤེས་དང་མིག་ལྟོས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ཐོག་ཏང་གི་བྱ་གཞག་དང་མི་དམངས་ཀྱི་ཁེ་ཕན་གཙོ་བོར་བཟུང་ནས་དམངས་གཙོའི་དབང་ཆ་ཡང་དག་པར་སྤྱོད་དགོས། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་འོས་སྦྱོར་མིང་འདོན་བྱས་ཀྱང་འདེམས་བསྐོ་མ་ཐུབ་པའི་བློ་མཐུན་ཚོར་བསམ་བློའི་ལས་དོན་ཡག་པོ་སྤེལ་ཏེ་ཁོང་ཚོར་འདེམས་བསྐོའི་མཇུག་འབྲས་ལ་ལྟ་སྟངས་ཡང་དག་བཟུང་ཐོག་བསམ་བློའི་ཁུར་པོ་ཕབ་ནས་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་རྒྱུའི་ཁྲིད་སྟོན་བྱེད་དགོས། དེ་དང་ཆབས་ཅིག་འཐུས་མི་འདེམས་བསྐོའི་ལས་དོན་དྲིལ་བསྒྲགས་བརྟན་པོ་དང་ཧུར་ཐག་སྤེལ་ཐོག་ཚོགས་ཆེན་བཅུ་དགུ་པའི་འཐུས་མིའི་སྔོན་ཐོན་རང་བཞིན་དང་ཡོངས་ཁྱབ་ཀྱི་འཐུས་ཚབ་རང་བཞིན་དྲིལ་བསྒྲགས་བྱ་རྒྱུ་དང། ཐོན་སྐྱེད་དང་ལས་དོན་གྱི་འཐབ་ཕྱོགས་དང་པོའི་འཐུས་མིའི་སྔོན་ཐོན་དཔེ་སྟོན་བྱས་རྗེས་དྲིལ་བསྒྲགས་བྱ་རྒྱུ། འཐུས་མི་ཐོན་པའི་བརྒྱུད་རིམ་ཁྲོད་ཏང་ནང་དམངས་གཙོ་དར་སྤེལ་དང་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པའི་བྱེད་ཐབས་གསར་པ་དྲིལ་བསྒྲགས་བྱ་རྒྱུ་བཅས་གཙིགས་སུ་བཟུང་ནས་འཐུས་མི་འདེམས་བསྐོའི་ལས་དོན་བདེ་བླག་ངང་སྤེལ་བ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུར་གླེང་ཕྱོགས་ཀྱི་ཁོར་ཡུག་ཡག་པོ་གཏོད་དགོས།