མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་
ཐེངས་བདུན་པའི་ཐོག་གསུང་བཤད་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་08ཉིན། 14:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞིས་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་
ཐེངས་བདུན་པའི་ཐོག་གསུང་བཤད་གལ་ཆེན་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ངོས་འཛིན་གསར་པས་ལག་ལེན་གསར་པར་མཛུབ་ཁྲིད་བྱས་ནས་རྒྱུན་གཏན་དང་ཡུན་རིང་དང་། ནན་ཏན་དང་ཏན་ཏིག གཏིང་ཟབ་དང་ཞིབ་ཚགས་བཅས་ཀྱི་ཐད་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། གུང་ཁྲན་ཏང་མིའི་རིན་ཐང་ལྟ་བ་མཐའ་འཁྱོངས་ཀྱིས་རིག་གནས་ཀྱི་གདེང་ཚོད་ལ་བརྟེན་ནས་ཕུགས་བསམ་གྱི་དད་སེམས་བརྟན་དུ་གཏོང་བ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། རྩ་ལག་མཉམ་བཅོས་ལ་སྐུལ་འདེད་གཏོང་བ། སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཕྱོགས་སུ་སྤེལ་བར་ཁྲིད་སྟོན་བྱེད་པ་བཅས་ཀྱི་སྒོ་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བརྒྱུད་རིམ་རང་བཞིན་དང་། གསར་གཏོད་རང་བཞིན། དངོས་ཕན་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་འདུར་ཕེབས་པ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་ལ་དོ་དམ་དང་ཏང་སྐྱོང་རྒྱུ་ནི་ཏང་གི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་པ་མ་ཟད། རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་དང་ཡང་འབྲེལ་བ་ཡོད་པས། ངེས་པར་དུ་ཆོད་སེམས་དེ་བས་ཆེ་བ་དང་། ནུས་ཤུགས་དེ་བས་ཆེ་བ། བློ་སྟོབས་དེ་བས་ཆེ་བ་བཅས་ལ་བརྟེན་ནས་དམ་འཛིན་ནན་པོ་དང་ཡག་པོ་བྱེད་དགོས། ཏང་འཛུགས་སྐྱོང་ཡག་པོ་བྱས་ན་ང་ཚོས་གཞི་ནས་མི་དམངས་ཀྱི་སྣེ་ཁྲིད་དེ་བདེ་བླག་ངང་འགྲན་སློང་གལ་ཆེན་ལ་ཁ་གཏད་གཅོག་ཐུབ་པ་དང་། ཉེན་ཁ་ཆེན་པོ་འགོག་ཐུབ་པ། འགལ་རྐྱེན་ཆེན་པོ་ཁྱད་བསད་ཐུབ་པ། འགལ་ཟླ་ཆེན་པོ་སེལ་ཐུབ་སྟེ་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་མུ་མཐུད་བསྐྱོད་ཐུབ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་འཐབ་ཇུས་བཀོད་སྒྲིག་ནང་བཅུག་སྟེ་ནན་པོ་དང་ཞིབ་ཚགས་ཀྱི་སྒོ་ནས་ཏང་ལ་དོ་དམ་དང་ཏང་སྐྱོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་བཟོ་བ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་དྭངས་གཙང་ཡོང་བར་ཤུགས་སྣོན་རྒྱག་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ཡོང་བར་དམ་འཛིན་ནན་པོ་བྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་ལ་ཚད་བརྒལ་ཡོང་བར་ཤུགས་སྣོན་རྒྱག་པ། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ། དོ་དམ་དང་ནན་པོ་དངོས་འབྲེལ་བྱེད་པ་དང་། དོ་དམ་དང་ནན་པོ་བྱེད་ཕོད་པ། ཡུན་རིང་དོ་དམ་དང་ནན་པོ་བྱེད་པ་བཅས་ལ་ཤུགས་སྣོན་རྒྱག་པ། རུལ་སུངས་ལ་ངོ་རྒོལ་བྱ་རྒྱུར་བཀག་ཁུལ་མེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། ཐར་པར་གཏན་ནས་མི་གཏོང་བ་མཐའ་འཁྱོངས་བྱེད་པ། རུལ་སུངས་ཐོན་པ་དང་མཆེད་རྒྱུ་བཀག་འགོག་ནུས་ལྡན་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་སྤྱོད་ཚུལ་ངན་པ་དང་རུལ་སུངས་ཀྱི་གནད་དོན་ལ་ཆད་པ་གཅོད་པ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་ཧུར་ཐག་གཏོང་བ། ཕྱོགས་ཡོངས་ནས་ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། སྐོར་གཟིགས་ཀྱི་སྤུ་གྲིའི་ནུས་པ་ཡག་པོ་འདོན་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མུ་མཐུད་ནས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
        ཞིས་ཅིན་ཕིང་གིས་བསྟན་དོན། ཏང་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ཏང་གི་རིམ་ཁག་རྩ་འཛུགས་ཀྱིས་ཏང་ལ་དོ་དམ་དང་ཏང་སྐྱོང་བྱེད་པོའི་འགན་འཁྲི་འཁུར་སེམས་མངོན་གསལ་དོད་པོས་ཆེ་རུ་སོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་མཐའ་གཅིག་ཏུ་དོན་འཁྱོལ་བྱུང་བ། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་རུལ་སུངས་མཆེད་རྒྱུ་བཀག་འགོག་ནུས་ལྡན་ཐུབ་པ་མ་ཟད། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱལ་ཁ་ཆེན་པོ་ཐོབ་པའི་རྣམ་པ་གྲུབ་ཟིན་པ་དང་། རུལ་སུངས་བྱེད་མི་ཕོད་པའི་དམིགས་ཚད་རགས་ཙམ་མངོན་འགྱུར་བྱུང་བ། རུལ་སུངས་བྱེད་མ་ཐུབ་པའི་ལམ་ལུགས་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ། རུལ་སུངས་བྱེད་མི་འདོད་པའི་ཆུ་རགས་རྒྱག་བཞིན་ཡོད་པ་བཅས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་རྣམ་པ་གསར་པ་ཞིག་མངོན་ཡོད།
        ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ནས་ང་ཚོར་བློ་སྒོ་གལ་ཆེན་ཁག་གཅིག་འབྱེད་ཐུབ་པ་བྱུང་ཞིང་། གཙོ་བོ་ནི་གཅིག་ནས་ཚད་གཞི་མཐོ་པོ་དང་མཐའ་ཚད་སྲུང་རྒྱུ་གཉིས་གཅིག་གྱུར་མཐའ་འཁྱོངས་བྱས་ཏེ་ཏང་ཡོན་དང་ལས་བྱེད་པར་རང་རྟོགས་ངང་ཕུགས་བསམ་གྱི་དད་སེམས་ལ་ཕྱོགས་ནས་འབད་བརྩོན་ཧུར་ཐག་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས་པ་དང་ཆབས་ཅིག་ཏང་གི་སྒྲིག་ཁྲིམས་ཚད་ཤིང་དུ་རྩིས་ཏེ་ཏང་ཡོན་དང་ལས་བྱེད་པས་གུས་སྐྲག་གཉིས་ཤེས་དང་། བརྩི་ས་དང་འཚེར་སྣང་བྱེད་ས་ཡོད་པ། མཐའ་ཚད་སྲུང་བ་བཅས་བྱེད་དུ་འཇུག་དགོས། གཉིས་ནས་ཆད་གཅོད་ལ་དམ་འཛིན་དང་འགན་འཁྲིར་དམ་འཛིན་བྱ་རྒྱུ་གཉིས་གཅིག་གྱུར་མཐའ་འཁྱོངས་བྱས་ཏེ“སྤྱོད་ཚུལ་བཞིའི”གནད་དོན་ཐོན་མ་ཐག་རྡུང་རྡེག་གཏོང་བ་དང་སྒྲིག་ཁྲིམས་ངེས་པར་དུ་ལག་ལེན་ནན་པོ་བསྟར་དགོས་པ་དང་དུས་མཚུངས་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་བྱས་ནས་ཏང་གི་རིམ་ཁག་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་རྒྱུར་ལྟ་སྐུལ་བྱེད་དགོས། གསུམ་ནས་གནད་དོན་བཙལ་འཚོལ་དང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་གཉིས་གཅིག་གྱུར་མཐའ་འཁྱོངས་བྱས་ཏེ་གནད་དོན་ནས་འགོ་འཛུགས་པ་དང་། ཞིབ་བཤེར་ཞིབ་ཚགས། འབྱུང་རྩ་བཙལ་འཚོལ། སྒྱུར་བཅོས་གཏིང་ཟབ། གཏོར་འཛུགས་མཉམ་སྤྱོད་བཅས་བྱས་ནས་གཞུང་གི་དབང་ཆ་འགྲོ་ལམ་ཡང་དག་ཐོག་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། བཞི་ནས་མི་འདེམས་སྤྱོད་དང་དོ་དམ་ནན་པོ་བྱ་རྒྱུ་གཉིས་གཅིག་གྱུར་མཐའ་འཁྱོངས་བྱས་ཏེ་སྤྱོད་ཡོན་གཉིས་ལྡན་གྱི་ལས་བྱེད་པ་བཟང་པོ་འདེམས་སྤྱོད་བྱེད་དགོས་ལ་དོ་དམ་ལྟ་སྐུལ་ལའང་ཤུགས་སྣོན་བརྒྱབ་ནས་ཕུལ་བྱུང་འདེམས་པ་དང་། ཐ་མལ་ཕབ་པ། ཞན་པ་དོར་བ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས། བློ་འབྱེད་དང་ཉམས་མྱོང་རྩ་ཆེན་དེ་དག་ཡུན་རིང་མཐའ་འཁྱོངས་བྱེད་དགོས།
       ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་མོད། འོན་ཀྱང་སྔར་བཞིན་ལས་འགན་ལྕི་ལ་ལམ་ཐག་རིང་པོ་ཡོད།
        ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུ་ནི་འགག་སྒྲོལ་དམག་འཐབ་ཅིག་དང་རྒྱུན་སྲིང་དམག་འཐབ་ཅིག་ཡིན་པས་བློ་བརྟན་འགྱུར་མེད་ངང་ལས་དོན་ཡག་པོ་སྒྲུབ་དགོས། རུལ་སུངས་ལ་ཆད་པ་གཅོད་ཤུགས་ཆུང་དུ་གཏན་ནས་མི་གཏོང་བ་དང་ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ལ་འགྱུར་ལྡོག་རྩ་བ་ནས་མི་གཏོང་བར་རུལ་སུངས་ལ་ངོ་རྒོལ་བྱེད་པའི་དྲང་བདེན་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། རྩ་དོན་མཐའ་འཁྱོངས་བྱེད་ཕོད་པ་དང་ལྷན་སྦྱར་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་ནས་འགན་འཁྲི་བདའ་འདེད་ལམ་ལུགས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་ཧུར་ཐག་གཏོང་བ་དང་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་སྲིད་ཇུས་ཁོང་དུ་ཆུད་རྒྱུ་ལས་དོན་དང་སྦྲེལ་མཐུད་ཡག་པོ་བྱེད་དགོས། རིམ་ཁག་སྒྲིག་ཨུད་ཀྱིས་རང་ངོས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་རང་རྟོགས་ངང་ཏང་ནང་ཁུལ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ་ཏང་ཐུགས་བློ་བདེ་བ་དང་མི་དམངས་ཀྱིས་ཡིད་ཆེས་བྱེད་པའི་སྒྲིག་བཤེར་ལས་བྱེད་དཔུང་ཁག་ཅིག་བཙུགས་ནས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ལ་རང་གཅུན་ནན་པོ་བྱེད་པའི་ཚད་ཤིང་ཞིག་འཛུགས་དགོས། རིམ་ཁག་ཏང་ཨུད་ཀྱིས་སྐབས་བརྗེའི་ལས་ཀའི་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་ལ་གཡོ་འགུལ་མི་གཏོང་བ་དང་། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། འགག་སྒོ་ནན་པོ་སྲུང་བ། སྒྲིག་ཁྲིམས་ནན་དུ་གཏོང་བ་བཅས་བྱས་ཏེ་སྐབས་བརྗེའི་ལས་དོན་གྱི་ཡང་དག་པའི་ཁ་ཕྱོགས་འགན་ལེན་བྱེད་དགོས།
         ཞིས་ཅིན་ཕིང་གིས་བསྟན་དོན། རྩ་ལག་མཉམ་བཅོས་ནི་རང་རེའི་ཏང་གིས་སྔར་ནས་ད་བར་ཏང་ལ་དོ་དམ་དང་ཏང་སྐྱོང་བར་བཏོན་པའི་བླང་བྱ་ཞིག་རེད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བར་ངེས་པར་དུ་རྩ་ལག་མཉམ་བཅོས་མཐའ་འཁྱོངས་བྱེད་དགོས། ཏང་ལ་དོ་དམ་དང་ཏང་སྐྱོང་བ་ལྷུག་ལྷོད་འཇམ་གསུམ་ནས་དམ་ནན་བཙན་གསུམ་དུ་སྒྱུར་བར་ཞུན་བརྡར་གྱི་བརྒྱུད་རིམ་ཞིག་བརྒྱུད་དགོས་པ་དང་། ནན་པོ་བྱ་རྒྱུ་ཨང་དང་པོར་འཇོག་པ་དང་ཏན་ཏིག་བྱ་རྒྱུ་རྨང་གཞིར་བྱས་ཏེ་རིམ་པ་བཞིན་གཏིང་ཟབ་ཏུ་དང་སྒྲུབ་མཁས་པོ་བྱེད་དགོས། འཕྲལ་རྐྱེན་བཅོས་རྒྱུར་ལྷོད་གཡེང་མི་ཤོར་བ་མཐའ་འཁྱོངས་ཀྱིས་རྒྱུན་ཆད་མེད་པར་འཕྲལ་རྐྱེན་བཅོས་ནས་རྩ་བཅོས་ལ་སྐུལ་འདེད་བཏང་སྟེ། བྱ་ཐབས་ནན་པོས་གནད་དོན་སེལ་བ་དང་ཁྲིམས་ནན་པོས་ཟང་ཟིང་བཅོས་དགོས་ཤིང་། སེམས་རྣལ་རང་གཅུན་དང་རིག་གནས་ཆུ་ཚད་མཐོ་རུ་བཏང་སྟེ་སྲིད་སྐྱོང་གི་རྩ་བ་སྲུང་དགོས།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། གུང་ཁྲན་ཏང་མིའི་རིན་ཐང་ལྟ་བ་མཐའ་འཁྱོངས་ཀྱིས་རྒྱུན་ཆད་མེད་པར་ཆབ་སྲིད་ཀྱི་གོ་རྟོགས་བརྟན་དུ་དང་མཐོ་རུ་གཏོང་དགོས། རང་གཅུན་སྤྱོད་བཟང་ནི་སྲིད་སྐྱོང་གི་རྨང་གཞི་ཡིན་པས་མི་ཕོད་པ་དང་མི་ཐུབ་པ་ནས་མི་འདོད་པའི་བར་གུང་ཁྲན་ཏང་མིའི་བླ་སྲོག་ཡིན་པའི་ཕུགས་བསམ་དང་དད་སེམས་བརྟན་པོ་འཛུགས་པར་བརྟེན་དགོས། གཞུང་དང་སྒེར་དང་། ལ་རྒྱ་དང་ཁེ་ཕན། འགྲིག་པ་དང་ནོར་བ། བཟང་པོ་དང་ངན་པ། སྡུག་བསྔལ་དང་བདེ་བ་བཅས་ཀྱི་འགལ་ཟླའི་ནང་སྔོན་མ་གང་དང་རྗེས་མ་གང་ཞིག་འདེམས་པར་གོ་རྟོགས་ལ་བརྟེན་དགོས་པ་དང་། མཐར་གཏུག་ཞིབ་བཤེར་བྱ་ཡུལ་ནི་ཏང་དང་མི་དམངས་ལ་བློ་དཀར་སེམས་དཀར་ཡིན་མིན་དེ་རེད། ཏང་གི་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་གོ་རྟོགས་ལ་སྣང་ཆེན་དང་གོ་རྟོགས་ཡོད་པ་བྱེད་དགོས། གོ་རྟོགས་ཡོད་པ་དང་གོ་རྟོགས་མཐོ་པོ་བྱུང་ཚེ་རང་ཉིད་ཀྱི་བྱ་སྤྱོད་ཀྱི་ཁ་ཕྱོགས་རྙེད་ཐུབ།
         ཞིས་ཅིན་ཕིང་གིས་བསྟན་དོན། རིག་གནས་ཀྱི་གདེང་ཚོད་དང་བློ་བརྟན་གྱི་དད་སེམས་ལ་བརྟེན་དགོས། འགོ་ཁྲིད་ལས་བྱེད་པས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་ཡང་དག་པའི་འགྲོ་ལམ་མཐའ་འཁྱོངས་བྱས་ཏེ་ངེས་པར་དུ་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་ཀྱི་ནང་དོན་དང་ཉིང་བཅུད་མེད་ན། དད་སེམས་རྒྱུན་འཁྱོངས་བྱེད་མི་ཐུབ། ཏང་ཡོན་དང་ལས་བྱེད་པ་ཚོས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བློ་སྦྱོང་དང་བསམ་པའི་འཁྱེར་སོ་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་ཐ་ཤལ་མེད་པར་བཟོ་བ་དང་མ་རབས་ཐ་ཤལ་ལས་གཡོལ་ནས་རང་གཅུན་ནན་སྒྲུབ་དང་། ཀུན་སྤྱོད་ལྡན་ལ་རང་བརྩི། སྤྱོད་གཙང་རང་འདོམས་བཅས་བྱས་ཏེ་གུང་ཁྲན་ཏང་མིའི་ཆབ་སྲིད་ངོ་བོ་ནམ་ཡང་གནས་ཐུབ་པ་བྱེད་དགོས།
        ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་མཐོ་རིམ་ལས་བྱེད་པ་ཚོས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བའི་ཐད་མིག་དཔེ་བསྟན་ཏེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་རྩ་དོན་མཐའ་འཁྱོངས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ལ་སྲུང་བརྩི་ཞུ་བ་བཅས་བྱས་ཏེ། ཡང་དག་པའི་ལམ་བུ་བརྟན་སྲུང་དང་། སྤྱོད་གཙང་དར་སྤེལ། རྩ་དོན་མཐའ་འཁྱོངས། དམ་འཛིན་དང་དོ་དམ་བྱེད་ཕོད་པ་བཅས་བྱེད་དགོས། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ལ་ཤུགས་སྣོན་བརྒྱབ་ནས་མཐའ་མའི་དམིགས་ས་དེ་མིག་ལྟོས་ཐོག་འཇོག་དགོས། ཏང་གི་མཐོ་རིམ་ལས་བྱེད་པ་ཚོས་རང་རྟོགས་དང་རྒྱུན་དུ་ཏང་ཀྲུང་དབྱང་ལ་བལྟས་ནས་རང་ཉིད་ཀྱི་བསམ་བློ་དང་བྱ་སྤྱོད་ལ་ཚད་འཇལ་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོས་རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་བྱ་བ་བསྒྲུབས་ཏེ་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།
        ཞིས་ཅིན་ཕིང་གིས་བསྟན་དོན། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་གཙོ་གནད་རྒྱུན་གཏན་ཐོག་འཇོག་པ་དང་རྒྱུན་སྲིང་ཐུབ་པ་བྱེད་དགོས། ཏང་གི་རིམ་ཁག་རྩ་འཛུགས་ཀྱིས་འཛེམ་མེད་དམར་འདོན་བྱེད་ཕོད་པ་དང་ཞིབ་ཕྲའི་བྱེད་ཐབས་སྤྱོད་པ། ཆུང་ཙག་ནས་དམ་འཛིན། ཞིབ་ཕྲའི་གནད་དོན་ནས་དམ་འཛིན་བཅས་བྱས་ཏེ་གནད་དོན་འཕྲལ་དུ་ཤེས་རྟོགས་དང་ཡོ་བསྲང་བྱེད་དགོས། ལྷག་བསམ་རྣམ་དག་དང་དྲང་པོ་དྲང་གཞག་གི་སྒོ་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་རྒྱུན་གཏན་ལས་དོན་དེ་ཏང་ནང་ཁུལ་གྱི་ཆབ་སྲིད་མཁའ་རླུང་གཙང་མ་བཟོ་བྱེད་དུ་འགྱུར་བ་བྱེད་པ་དང་། ཏང་ཡོན་དང་ལས་བྱེད་པས་ཕན་ཚུན་དྲན་སྐུལ་དང་ལྟ་སྐུལ་ཁྲོད་ཡར་རྒྱས་འགྲོ་བའི་གོམ་གཤིས་སུ་འགྱུར་བ་བྱེད་དགོས། ཏང་གི་རིམ་ཁག་རྩ་འཛུགས་ཀྱིས་ཆུ་ཐིགས་ཀྱིས་རྡོ་ལ་ཨི་ཁུང་འབིགས་པ་དང་ལྕགས་ཧྲེང་བརྡར་ནས་ཁབ་བཟོ་བའི་སྙིང་རུས་ལ་བརྟེན་ནས་རྒྱུན་སྲིང་ལྷོད་མེད་ཁྲོད་རྒྱུན་རྣམ་དུ་འགྱུར་བ་ཕན་འབྲས་ཐོན་པ་བྱེད་དགོས།
       ཝང་ཆི་ཧྲན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་དུས་རབས་ཀྱི་འཕེལ་རྒྱས་དང་འཐབ་ཇུས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཐོབ་པའི་མངོན་གསལ་དོད་པའི་ཕན་འབྲས་ལ་གདེང་འཇོག་གང་ལེགས་གནང་ཡོད་ལ། སླད་ཕྱིན་ལས་དོན་གྱི་སྤྱིའི་བླང་བྱ་དང་ལས་འགན་གཙོ་བོ་ཁ་གསལ་བཏོན་པ་དང་འབྲེལ། གཟབ་ནན་དང་རིགས་པ་དྭངས་གསལ་ངང་དུས་བབ་ལ་བརྡར་ཤ་གཅོད་དགོས་པ་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འོས་འགན་མངོན་འགྱུར་བྱ་རྒྱུར་དམིགས་ཏེ། ཏང་སེམས་དང་དམངས་སེམས་གཅིག་སྒྲིལ་གྱིས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད། གསུང་བཤད་ཀྱི་ནང་དོན་ཐད་ཀར་གནད་དོན་ལ་ཕྱོགས་ཡོད་ལ། གདེང་ཚོད་ཀྱིས་ཡོངས་སུ་ཁེངས་ཡོད་ལ། དམངས་ལ་བཅངས་པའི་ལྷག་བསམ་དང་ཏང་དང་རྒྱལ་ཁབ་ལ་འགན་འཁུར་ཕོད་པའི་སྙིང་སྟོབས་མངོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་ནི་ཏང་ཡོངས་ཀྱི་ཆབ་སྲིད་ལས་འགན་ཞིག་ཡིན་པས། དེ་ཉིད་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་ཟུང་འབྲེལ་དང་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་ཕྱོགས་ཡོངས་དང་། ཚན་རིག་དང་མཐུན་པ། ཞིབ་ཕྲ། གནད་འཁེལ་བཅས་ཀྱི་སྒོ་ནས་སློབ་སྦྱོང་བྱེད་པ་དང་གོ་བ་ལེན་པ་མ་ཟད། དགོངས་པ་སློབ་སྦྱོང་ལག་ལེན་དང་གོ་དོན་མཐིལ་རྟོགས། ཆབ་སྲིད་ཀྱི་མཐོ་ཚད་མཐོ་རུ་གཏོང་བ། ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་བ་བཅས་བྱས་ཏེ་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བ་བྱེད་དགོས། “འདུ་ཤེས་བཞི”བརྟན་པོ་བཙུགས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ། ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བཅས་བྱས་ཏེ། གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་གསུངས་པ་རེད།
         ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ཟླ་1ཚེས་6ཉིན་པེ་ཅིང་དུ་གྲོལ་ཞིང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚེས་6ཉིན་གྱི་ཕྱི་དྲོ་ཝང་ཆི་ཧྲན་གྱིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ཏེ་《ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བར་་སྐུལ་འདེད་བཏང་སྟེ་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུར་བསུ་བ་ཞུ་དགོས་》ཞེས་འགོ་བརྗོད་དུ་འཁོད་པའི་ལས་དོན་སྙན་སྒྲོན་གནང་བ་རེད།