མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་བྱ་
དགའ་སྤྲོད་པའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་11ཉིན། 09:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་བྱ་
དགའ་སྤྲོད་པའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།

         མི་དམངས་དྲ་བའི་འཕྲིན། ཚེས་9ཉིན་གྱི་སྔ་དྲོ། པེ་ཅིང་དུ་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་བྱ་དགའ་ཐོབ་མཁན་གྱི་འཐུས་མིར་བྱ་དགའ་སྤྲད་པ་རེད། ལི་ཁེ་ཆང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་གསུང་བཤད་གནང་བ་དང་ཀྲང་ཀའོ་ལིས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད།
        སྔ་དྲོའི་ཆུ་ཚོད་བཅུ་པར་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་སྒྲའི་ཁྲོད་ཚོགས་ཆེན་འགོ་ཚུགས་ཤིང་། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་དང་ཐོག་2016ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་མཐོ་ཤོས་ཀྱི་བྱ་དགའ་ཐོབ་མཁན་ཀྲུང་གོ་ཚན་རིག་ཁང་དངོས་ཁམས་ཞིབ་འཇུག་སུའོ་ཡི་ཡོན་ཧྲི་ཀྲའོ་ཀྲུང་ཤན་དང་ཀྲུང་གོ་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་གི་ཞིབ་འཇུག་པ་ཐུའུ་ཡིའུ་ཡིའུ་ལ་བྱ་དགའི་ལག་ཁྱེར་སྤྲད་པ་དང་འབྲེལ་ཁོང་གཉིས་ལ་ཕྱག་བཏང་ནས་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། དེ་རྗེས་ཞིས་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའ་དང་། རྒྱལ་ཁབ་ལག་རྩལ་གསར་སྤེལ་བྱ་དགའ། རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་བཅས་ཐོབ་མཁན་འཐུས་མིར་བྱ་དགའ་སྤྲད་གནང་བ་རེད།
         ལི་ཁེ་ཆང་གིས་འདས་མ་ཐག་པའི་ལོ་དེའི་ནང་། རྙོག་འཛིང་ཆེ་ལ་ཛ་དྲག་གི་རྒྱལ་ཕྱི་རྒྱལ་ནང་གི་ཁོར་ཡུག་མདུན་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཚན་རྩལ་འཐབ་ཕྱོགས་ཐད་དགའ་བ་སྐྱེ་འོས་པའི་གྲུབ་འབྲས་མང་པོ་ཐོབ་པ། མཚོན་རྟགས་རང་བཞིན་གྱི་དོན་སྙིང་ལྡན་པའི་ཚན་རྩལ་གྲུབ་འབྲས་གལ་ཆེན་ཁག་གཅིག་ཐོབ་པ། ཚན་རྩལ་གསར་གཏོད་གྲུབ་འབྲས་སྒྱུར་མགྱོགས་སུ་ཕྱིན་པ། དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་དབྱར་མཚོ་རྒྱས་པའི་རྣམ་པ་ཐོན་པ་བཅས་གསར་གཏོད་ཁྲོད་ཀྲུང་ཧྭའི་ས་གཞི་ཆེ་མོར་དཔྱིད་ཀྱི་དཔལ་འབར་བ་ལྟ་བུའི་སྐྱེ་སྟོབས་དང་གསོན་ཤུགས་མངོན་ཡོད།
         མིག་སྔར། འཛམ་གླིང་གི་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་རྣམ་པ་ཐོན་པ་དང་། རང་རྒྱལ་གྱི་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་གཏིང་ཟབ་དང་ནུས་པ་གསར་རྙིང་འབྲེལ་མཐུད་བརྗེ་སྒྱུར་གྱི་དུས་མཚམས་གསར་པར་སྐྱོད་པའི་སྐབས་སུ་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་གསར་གཏོད་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་ལྟེ་བའི་གནས་བབ་ཏུ་བཞག་སྟེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྲིད་སྟོན་དུ་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱེད་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ། ནུས་པ་གསར་པ་མགྱོགས་མྱུར་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། སྲོལ་རྒྱུན་གྱི་ནུས་པ་སྒྱུར་བཀོད་དང་མཐོ་རུ་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་འབྲིང་སྟོད་ངང་འཕར་རྒྱུ་རྒྱུན་འཁྱོངས་དང་འབྲིང་སྟོད་ཀྱི་ཆུ་ཚད་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
         ལི་ཁེ་ཆང་གིས་ཕྱོགས་ཡོངས་ནས་ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་ལྟེ་བའི་འགྲན་རྩོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། འཐབ་སར་བསྡིགས་པ་དང་། དགོས་མཁོར་དམིགས་པ། སྔོན་ནས་བཀོད་སྒྲིག་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་ཚན་རྩལ་རྣམ་གྲངས་གལ་ཆེན་དང་། ལས་གྲྭ་གལ་ཆེན། རྨང་གཞིའི་སྒྲིག་བཀོད་གལ་ཆེན་བཅས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རྨང་གཞིའི་ཞིབ་འཇུག་དང་གདོད་མའི་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་ཡུན་རིང་ལ་བརྟན་པའི་རྒྱབ་སྐྱོར་ལམ་སྲོལ་བཙུགས་ཏེ་ཚན་ཞིབ་མི་སྣས་བློ་རྩེ་གཅིག་སྒྲིམ་ངང་ཞིབ་འཇུག་བྱ་རྒྱུར་སྐུལ་ལྕག་གཏོང་དགོས། ཁེ་ལས་ཀྱིས་གཙོ་བོ་བྱེད་པ་དང་ཁྲོམ་རས་ཁྲིད་སྟོན་བྱེད་པའི་ལག་རྩལ་གསར་གཏོད་ལམ་སྲོལ་འཛུགས་པ་དང་། དྲ་སྦྲེལ་སོགས་ལས་སྟེགས་གསར་པ་དང་བྱེད་ཐབས་གསར་པ་སྤྱོད་པ། གསར་གཏོད་ཀྱི་གཞི་རྒྱུ་གཅིག་སྡུད་བཟང་སྒྲིག་བཅས་བྱས་ཏེ་ཚན་རྩལ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་བྱེད་ཚད་མང་དུ་གཏོང་དགོས་ཞེས་གསུངས།
        ལི་ཁེ་ཆང་གིས་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་བཏང་ནས་ཚན་རྩལ་ཁྱབ་ཁོངས་ཀྱི“སྒོ་འབྱེད། དོ་དམ། ཞབས་ཞུ”བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་ཐོག་ཚན་ཞིབ་ཁང་སུའོ་དང་མཐོ་སློབ་ལ་ཚན་ཞིབ་ཀྱི་རང་བདག་དབང་ཆ་སྤྲོད་པ་དང་གསར་གཏོད་ཀྱི་དཔུང་སྣེ་ཁྲིད་མཁན་ཤེས་ལྡན་པར་མི་རྒྱུ་དངུལ་གསུམ་གྱི་བཀོལ་སྤྱོད་དབང་ཆ་སྤྲོད་དགོས། གྲུབ་འབྲས་ལོངས་སྤྱོད་དང་། ཡོང་འབབ་བགོ་བཤའ། རྐང་དབང་ལྕག་འདེབས་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་སྟེ་གསར་གཏོད་བྱེད་མཁན་ལ་གཟི་བརྗིད་མཚན་སྙན་དང་ཐོབ་ཆ་ཡོད་པ་བྱེད་དགོས། སྤྱི་ཚོགས་ཧྲིལ་པོའི་གསར་གཏོད་ཀྱི་མི་མངོན་པའི་ནུས་པ་འདོན་སྤེལ་བྱས་ནས་ས་གནས་དེ་རང་གི་ཤེས་ལྡན་པས་དེ་བས་མཐོ་བའི་ལག་རྩལ་ལ་བརྩོན་རྒྱུར་རྒྱབ་སྐྱོར་བྱེད་པ་དང་མེས་རྒྱལ་དུ་ཕྱིར་ལོག་བྱེད་མཁན་ཤེས་ལྡན་པ་དང་ཕྱི་རྒྱལ་གྱི་ཤེས་ལྡན་པ་རང་རྒྱལ་དུ་བྱ་གཞག་གསར་གཏོད་བྱེད་པར་ཡོང་རྒྱུར་ཡིད་དབང་བཀུག་སྟེ་ཁོང་ཚོར་རང་ཉིད་ཀྱི་འཇོན་ཐང་ངོམ་སའི་ཡངས་པའི་བར་ཁམས་གཏོད་དགོས་ཞེས་གསུངས།
      2016ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགར་ཁྱོན་བྱ་དགའ་279དང་། ཚན་རྩལ་རིགས་གཅིག་མཁས་ཅན་7 རྒྱལ་སྤྱིའི་རྩ་འཛུགས་1བཅས་ཡོད་པའི་ནང་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་མཐོ་ཤོས་ཀྱི་བྱ་དགའ་ཐོབ་མཁན2ཡོད་པ་དང་། རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའ་42ཡོད་པའི་ནང་བྱ་དགའ་རིམ་པ་དང་པོ་1དང་བྱ་དགའ་རིམ་པ་གཉིས་པ་41ཡོད་པ། རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་བྱ་དགའ་66ཡོད་པའི་ནང་བྱ་དགའ་རིམ་པ་དང་པོ་3དང་བྱ་དགའ་རིམ་པ་གཉིས་པ་63ཡོད་པ། རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་171ཡོད་པའི་ནང་དམིགས་བསལ་རིམ་པའི་བྱ་དགའ་2དང་། བྱ་དགའ་རིམ་པ་དང་པོ་20 བྱ་དགའ་རིམ་པ་གཉིས་པ་149བཅས་ཡོད་པ། ཕྱི་རྒྱལ་གྱི་ཚན་རྩལ་རིགས་གཅིག་མཁས་ཅན་5དང་རྒྱལ་སྤྱིའི་རྩ་འཛུགས་1ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་ཀྱི་བྱ་དགའ་སྤྲད་པ་རེད།