མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཙམ་པབ་ཝེའི་ཙུང་ཐུང་མུའུ་ཅཱ་པེ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་11ཉིན། 09:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་9ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་ཁབ་གསོལ་མགྲོན་ཁང་དུ་ཙམ་པབ་ཝེའི་ཙུང་ཐུང་མུའུ་ཅཱ་པེ་དང་མཇལ་འཛོམས་གནང་བ་རེད།
        ཞིས་ཅིན་ཕིང་གིས། ཀྲུང་གོ་དང་ཙམ་པབ་ཝེའི་སྲོལ་རྒྱུན་མཛའ་བཤེས་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ལག་གདང་དཔུང་སྦྲེལ་གྱིས་མི་རིགས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་དམག་འཐབ་ཁྲོད་གཅིག་ཏུ་གྲུབ་པ་ཞིག་རེད་ལ། ཙུང་ཐུང་མུའུ་ཅཱ་པེ་དང་ཀྲུང་གོའི་འགོ་ཁྲིད་རྒན་རབས་པ་ཚོས་ཐུན་མོང་ཐོག་བཏོད་པ་ཞིག་ཀྱང་ཡིན་པས། དུས་ཚོད་དང་རྒྱལ་སྤྱི་འགྱུར་ལྡོག་གི་ཉམས་སད་ཐེག་ཐུབ་ནས་ཇི་ཙམ་འདས་པ་དེ་ཙམ་གྱིས་ཇེ་བརྟན་དུ་སོང་ཡོད། ཀྲུང་གོས་གྲོགས་པོ་རྙིང་པ་ནམ་ཡང་བརྗེད་མི་སྲིད་ལ། ཀྲུང་གོའི་མི་དམངས་ཀྱིས་ཙམ་པབ་ཝེའི་མི་དམངས་དབར་གྱི་མཛའ་སེམས་ཟབ་མོར་རང་གི་མིག་འབྲས་ལྟར་གཅེས་འཛིན་ཡང་བྱེད་སྲིད། ཙམ་པབ་ཝེ་ཕྱོགས་ཀྱིས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གལ་ཆེའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་ཡི་རངས་ཞུ་བཞིན་ཡོད་ལ།
         སྔ་ཕྱི་བར་གསུམ་དུ་ཙམ་པབ་ཝེས་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་མ་ཟད། ཙམ་པབ་ཝེའི་མི་དམངས་རང་ཉིད་ཀྱིས་བདམས་པའི་འཕེལ་རྒྱས་ལམ་བུར་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས།
         ཞིས་ཅིན་ཕིང་གིས། ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག ངེད་དང་ཙུང་ཐུང་མུའུ་ཅཱ་པེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་བཞག་པའི་ཐུན་མོང་གི་ངོས་འཛིན་དང་དེ་བཞིན་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་དབར་གྱི་མཉམ་ལས་གླེང་སྟེགས་གཡོད་ཧན་ནའེ་སི་པའོ་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཧུར་ཐག་བྱེད་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་སྤེལ་ཧུར་ཐག་གཏོང་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྟོབས་ཤུགས་ཡོད་པའི་ཀྲུང་གོའི་ཁེ་ལས་ཙམ་པབ་ཝེ་རུ་མ་དངུལ་བཏང་ནས་ལས་གཉེར་བྱེད་པར་འགྲོ་རྒྱུར་སྐུལ་ལྕག་དང་ཕྱོགས་གཉིས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཙམ་པབ་ཝེ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་འབྲེལ་བར་གྲུབ་འབྲས་གསར་པ་ཟམ་མི་ཆད་པ་ཐོབ་རྒྱུར་སྐུལ་སྤེལ་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།