མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཚེ་
སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་དགོས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་13ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་11ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གི་གལ་ཆེའི་མཆན་འགོད་མཛུབ་སྟོན་གྱི་བླང་བྱ་གཞིར་བཟུང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས། བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱས་ཁར། རྩ་ལག་མཉམ་བཅོས་དང་། ཕྱོགས་བསྡུས་བཅོས་སྐྱོང་། མ་ལག་འཛུགས་སྐྱོང་བཅས་བྱེད་པ་མ་ཟད། བདེ་འཇགས་ཐོན་སྐྱེད་ཀྱི་རྨང་གཞི་བརྟན་དུ་མུ་མཐུད་བཏང་ཐོག ཁྲིམས་བཞིན་ལྟ་སྐུལ་དོ་དམ་བྱེད་ནུས་དང་སྤྱི་ཚོགས་ཡོངས་ཀྱི་བདེ་འཇགས་ཆུ་ཚད་ཧྲིལ་པོ་མཐོ་རུ་ཧུར་ཐག་བཏང་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བདེ་འཇགས་ཐོན་སྐྱེད་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།
    ཚོགས་འདུའི་ཐོག 2016ལོར་ས་གནས་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཏེ། ལས་འཛོལ་བསྡོམས་འབོར་དང་། འཆི་རྨས་བྱུང་བའི་མི་གྲངས། ལས་འཛོལ་ཚབས་ཆེན་བཅས་ཐོན་ཚད་མུ་མཐུད་ཆག་ཡོད་པ་རེད། འོན་ཀྱང་བདེ་འཇགས་ཐོན་སྐྱེད་ཀྱི་དུས་འབབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་ལས་འཛོལ་ཐོན་འབོར་སྔར་བཞིན་ཅུང་ཆེ་བ་དང་། ལྷག་པར་དུ་ལོ་འགོ་དང་ལོ་མཇུག་ཏུ་ལས་འཛོལ་ཚབས་ཆེན་གཅིག་སྡུད་ཐོག་ཐོན་མང་བ་དང་མི་འཆི་རྨས་ཚབས་ཆེ་བས། བསླབ་བྱ་དང་སྣ་སུན་ཆེན་པོ་ཕོག་ཡོད། ས་གནས་ཁག་དང་སྡེ་ཚན་ཁག་གིས་དོགས་ཟོན་ཆེར་སྐྱེད་ཀྱིས་མིག་སྔའི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་བསྐྱར་དུ་སྐུལ་སློང་དང་བཀོད་སྒྲིག་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེ་མོའི་བསྐྱར་ཞིབ་ལས་དོན་སྤེལ་བ། གཙོ་གནད་ལས་རིགས་ལ་ཁྱབ་ཁོངས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་དང་ཁྲིམས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་དང་སྔོན་འགོག་བྱ་ཐབས་ཁག་དོན་འཁྱོལ་ནན་ཏན་བཅས་བྱས་ཏེ། ལོ་འགོ་དང་ལོ་མཇུག་གི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་དགོས་ཞེས་གསུངས་པ་རེད།
   ཚོགས་འདུའི་ཐོག 2017ལོར་ཕྱོགས་ཡོངས་ནས་ལས་འཛོལ་བསྡོམས་འབོར་དང་། འཆི་རྨས་བྱུང་བའི་མི་གྲངས། ལས་འཛོལ་ཚབས་ཆེན་བཅས་མུ་མཐུད་ཆག་པ་བྱས་ཐོག གཙོ་གནད་ཐོག་ལས་འཛོལ་ཚབས་ཆེན་ཐོན་རྒྱུ་སྔོན་འགོག་དང་མི་ཐོན་པ་མཐའ་གཅིག་ཏུ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་གང་ལེགས་བྱེད་དགོས། ཕྱོགས་ཡོངས་དང་། རྒྱུན་མཐུད། སྒུལ་རྣམ་བཅས་ཀྱི་ཐོག་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་མེད་པ་བཟོ་བ་དང་། སོལ་གཏེར་དང་། ཉེན་ཡོད་རྫས་འགྱུར་དངོས་རྫས། འགྲིམ་འགྲུལ་སྐྱེལ་འདྲེན། ཨར་ལས། གྲོང་ཁྱེར་གྱི་བདེ་འཇགས་སོགས་གཙོ་གནད་ལས་རིགས་ཁྱབ་ཁོངས་ལ་ཆེད་དོན་བཅོས་སྒྲིག་བྱ་རྒྱུར་དམ་འཛིན་མངོན་གསལ་དོད་པོ་བྱས་ཏེ་ཁྲིམས་འགལ་ལ་རྡུང་རྡེག་དང་བཅོས་སྒྲིག་ཏན་ཏིག་བྱེད་དགོས། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དང་། སྡེ་ཚན་གྱི་ལྟ་སྐུལ་དོ་དམ་འགན་འཁྲི། སྲིད་གཞུང་གི་འགོ་ཁྲིད་འགན་འཁྲི་བཅས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་པ་དང་། ལས་འཛོལ་འགན་འཁྲི་རྩད་གཅོད་ལ་ཤུགས་སྣོན་བརྒྱབ་ནས་ཁེ་ལས་ཀྱིས་ལས་བཟོ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་། བདེ་འཇགས་ཐོན་སྐྱེད་ལ་སྐོར་ཞིབ་དང་དཔྱད་ཞིབ་ཡོངས་ཁྱབ་ངང་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་མ་ལག་ཚགས་ཚུད་པོ་འཛུགས་པ་བཅས་བྱེད་དགོས། ཁྲིམས་ལུགས་ཁྲིམས་སྲོལ་དང་ཚད་གཞིའི་ལམ་ལུགས་བཟོ་བཅོས་བྱེད་མགྱོགས་སུ་བཏང་ནས་བདེ་འཇགས་ཐོན་སྐྱེད་ཀྱི་སྲིད་འཛིན་ཁྲིམས་སྐྱོང་དང་ཉེས་དོན་ཁྲིམས་འཛིན་འབྲེལ་མཐུད་ལམ་ལུགས་འཛུགས་པ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་དོ་དམ་བརྟག་ཞིབ་ནུས་པ་འཛུགས་སྐྱོང་གི་འཆར་འགོད་བཟོ་བ་དང་ལག་བསྟར་བྱས་ཐོག ཕྱོགས་ཡོངས་ནས་བདེ་འཇགས་ཐོན་སྐྱེད་ལ་ཁྲིམས་ལྟར་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས། བདེ་འཇགས་ཐད་གཏོང་ཆ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་བདེ་འཇགས་ཀྱི་ཚན་རྩལ་འདེགས་སྐྱོར་ཆུ་ཚད་དང་ལས་འཛོལ་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་གཏོང་བ་དང་ལས་རིགས་ཀྱི་བདེ་ཐང་ལྟ་སྐུལ་དོ་དམ་གྱི་འགན་སྲུང་མ་ལག་འཐུས་ཚང་བཙུགས་ཏེ་བདེ་འཇགས་ཀྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གཙོ་གནད་ལས་འགན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ནས་ལེ་ལག་ཚང་བའི་བྱ་ཐབས་བཟོ་བ་དང་ལྟ་སྐུལ་ཞིབ་བཤེར་དང་ལས་སྒྲུབ་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ཐོག་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་དོ་དམ་གྱི་སྒྲིག་སྲོལ་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།