མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རིན་དོད་ཡོད་པའི་ངང་རང་བྱུང་ཐོན་ཁུངས་བེད་སྤྱོད་ཆོག་པའི་ལམ་ལུགས་འཐུས་སྒོ་ཚང་
དུ་བཏང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་13ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་11ཉིན། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《སྲིད་གཞུང་གི་ཐོན་ཁུངས་བཀོད་སྒྲིག་བྱེད་སྟངས་གསར་གཏོད་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》བཀྲམ་ནས་སྤྱི་པའི་རང་བྱུང་ཐོན་ཁུངས་བཀོད་སྒྲིག་བྱེད་སྟངས་བསྟན་པའི་ནང་། ཐོན་དབང་ལམ་ལུགས་འཛུགས་རྒྱུ་རྨང་གཞིར་བྱས་ནས་ཐོན་ཁུངས་རིན་དོད་ཡོད་པའི་ངང་ཐོབ་པ་དང་བེད་སྤྱོད་མངོན་འགྱུར་ཐུབ་པའི་བླང་བྱ་བསྟན་ཡོད།
    སྤྱི་པའི་རང་བྱུང་ཐོན་ཁུངས་ནང་། དམངས་ཡོངས་ལ་བདག་པའི་ཁྲིམས་ནང་གཏན་འཁེལ་ཁ་གསལ་བྱས་པའི་ས་ཞིང་དང་། གཏེར་ཁ། ཆུ་བོ། ནགས་ཚལ། མུ་ཁྱུད་རི་བོ། རྩྭ་ཐང་། མྱ་ངམ་ཐང་། མཚོ་ཁོངས། མི་མེད་མཚོ་གླིང་། གྲམ་ཐང་སོགས་ཚུད་ཅིང་། རྒྱལ་ཁབ་དང་ས་གནས་ཁག་གཅིག་ཏུ་སྤྱི་པའི་རང་བྱུང་ཐོན་ཁུངས་འཆར་གཞི་མེད་པར་གསར་སྤེལ་བེད་སྤྱོད་བྱས་ནས“སྤྱི་པའི་ས་ཆ་སྐྱོ་བའི་གནས་སུ་གྱུར་པ”རྒྱུན་དུ་ཐོན་གྱི་ཡོད།
    བསམ་འཆར་ནང་། ཐོན་ཁུངས་སྤྱི་ལ་དབང་བ་དང་། དངོས་པོའི་བདག་དབང་ཁྲིམས་གསལ་བཟོ་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་ས་ཆ་ཧྲིལ་པོའི་བར་མཐོངས་རིགས་ཁག་གི་རང་བྱུང་ཐོན་ཁུངས་སྣ་ཚོགས་ཀྱི་རྒྱུ་ནོར་བདག་དབང་བྱེད་པོ་ཁ་གསལ་བཟོ་དགོས། ཆུ་བོ་དང་། ནགས་ཚལ། རི་བོ། རྩྭ་ཐང་། མྱ་ངམ་ཐང་། གྲམ་ཐང་སོགས་ཚང་མའི་རང་བྱུང་སྣོད་བཅུད་ཀྱི་བར་མཐོངས་བདག་དབང་གཅིག་གྱུར་ཐོ་འགོད་བྱེད་དགོས། དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རིན་དོད་ཡོད་པའི་བེད་སྤྱོད་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་འགྲན་རྩོད་ལམ་སྲོལ་མང་པོ་བཀོད་སྒྲིག་བྱེད་སྟངས་ནང་དྲངས་ནས་ས་ཞིང་དང་། ཆུ་བོ། གཏེར་ཁ་བཅས་ཀྱི་ཐོན་ཁུངས་དང་མཚོ་ཁོངས་རིན་དོད་ཡོད་པའི་བེད་སྤྱོད་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་གཞུང་གི་ནགས་ཤིང་དང་རྩྭ་ཐང་དང་མི་མེད་མཚོ་གླིང་ལ་རིན་དོད་ཡོད་པའི་བེད་སྤྱོད་བྱ་རྒྱུ་འཚོལ་ཞིབ་བྱ་རྒྱུར་སྐུལ་མ་གཏོང་དགོས་པ་བསྟན་ཡོད།
   “ད་ཆ་རང་རྒྱལ་གྱི་རང་བྱུང་ཐོན་ཁུངས་བཀོད་སྒྲིག་ཐད་སྔར་བཞིན་གནད་དོན་ཁག་གཅིག་ལྷག་ཡོད། སྲིད་གཞུང་རང་བྱུང་ཐོན་ཁུངས་ཀྱི་བདག་པོའི་འཐུས་ཚབ་དང་སྤྱི་པའི་ཁེ་དབང་སྟངས་འཛིན་མཁན་ཡིན་པའི་འགན་ནུས་ཀྱི་དབྱེ་མཚམས་དེ་ཙམ་གསལ་པོ་མེད་པ་དང་། དབང་ཚད་ལས་བརྒལ་བ་དང་ལས་འགན་སྟོང་པར་ལུས་པ་གཉིས་ཀ་མཉམ་དུ་གནས་ལ་ཐ་ན་རྙོག་དྲའང་ཐོན་བཞིན་ཡོད”ཅེས་པེ་ཅིང་དགེ་འོས་སློབ་ཆེན་གྱི་ནུས་རྒྱུ་དང་འཐབ་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལིན་ཝུའེ་པིན་གྱིས་ངོས་འཛིན་དེ་ལྟར་བྱས་ཤིང་། ཁོང་གིས་རིམ་ཁག་སྲིད་གཞུང་རང་བྱུང་ཐོན་ཁུངས་ཀྱི་བདག་པོའི་འཐུས་ཚབ་ཡིན་པའི་ངོས་ནས་བདག་དབང་དང་སྤྱོད་དབང་ཡ་ཕྲལ་དགོས་པའི་ཁར་རང་བྱུང་ཐོན་ཁུངས་རིན་དོད་ཡོད་པའི་བེད་སྤྱོད་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རང་བདག་དབང་ཆ་འགན་ལེན་བྱེད་དགོས་ཞེས་བཤད།
    བསམ་འཆར་ནང་། ད་དུང་སྐུད་མེད་གློག་རླབས་སོགས་རྒྱུན་སྲོལ་མ་ཡིན་པའི་རང་བྱུང་ཐོན་ཁུངས་བཀོད་སྒྲིག་ཐད་ལའང་བླང་བྱ་སྟོན་པ་སྟེ། ས་ངོས་ཀྱི་སྤྱི་དམངས་སྒུལ་བདེའི་འཕྲིན་གཏོང་བེད་སྤྱོད་འགུལ་ཚད་སོགས་ཚོང་དོན་ཐོག་སྤྱོད་པའི་སྐུད་མེད་གློག་རླབས་དང་གློག་འཕྲིན་དྲ་རྒྱའི་ཨང་རྟགས་སོགས་ཀྱི་ཐོན་ཁུངས་ལ་འོས་འགུགས་འོས་དཔོད་དང་། ཧམ་ཚོང་སོགས་འགྲན་རྩོད་བྱེད་སྟངས་རིམ་བཞིན་སྤྱོད་རྒྱུར་འཚོལ་ཞིབ་བྱས་ནས་བཀོད་སྒྲིག་བྱེད་དགོས་པ་དང་། ཡུལ་གྱི་ཐོན་ཁུངས་བཀོད་སྒྲིག་བཟང་སྒྲིག་ཡོང་བ་དང་། བར་མཐོངས་ཀྱི་ཐོན་ཁུངས་བཀོད་སྒྲིག་དང་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་བ། དམངས་སྤྱོད་མཁའ་འགྲུལ་དུ་སྤྱོད་ཆོག་པའི་བར་མཐོངས་རྒྱ་ཆེ་རུ་གཏོང་བ། བར་སྣང་དམའ་པོ་དོ་དམ་སྒྱུར་བཅོས་བྱ་ཤུགས་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས་པ་བསྟན་ཡོད།