མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཕུའུ་ཀྲུང་
དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་15ཉིན། 12:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཕུའུ་ཀྲུང་
དང་གྲོས་མོལ་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་12ཉིན་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཕུའུ་ཀྲུང་དང་གྲོས་མོལ་གནང་ཞིང་། ཕྱོགས་གཉིས་པོས“ཡུན་རིང་བརྟན་ལྷིང་དང་། འབྱུང་འགྱུར་ལ་ཕྱོགས་པ། ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས། ཕྱོགས་ཡོངས་མཉམ་ལས”བཅས་ཀྱི་མཛད་ཕྱོགས་དང“ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། བློ་མཐུན་ཡག་པོ། རོགས་ཟླ་ཡག་པོ”བཅས་ཀྱི་སྙིང་སྟོབས་མཐའ་འཁྱོངས་བྱས་ཏེ་སྤྱི་ཡོངས་ལ་དམིགས་པ་དང་། ཕུགས་ལ་དམིགས་པ། དམིགས་ཚད་གཏན་འཁེལ། འདོད་མཐུན་མཉམ་སྐྱོད་བཅས་བྱས་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བ་ཡང་དག་པའི་སྲོལ་ལམ་བརྒྱུད་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རྣམ་འགྱུར་བསྟན་པ་རེད།
            ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་ལ། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཀྱང་ཡིན། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་རབས་ཁ་ཤས་ཀྱིས་སེམས་ནུས་ཡོད་རྒུས་སྐྱེད་སྲིང་དང་སྐུལ་འདེད་ཤུགས་ཆེན་བཏང་བའི་འོག་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར“བློ་མཐུན་དང་སྤུན་ཟླའི”མཛའ་གྲོགས་ཆགས་ཡོད། ང་ཚོ་ཕྱོགས་གཉིས་པོས་སྲོལ་རྒྱུན་མཛའ་གྲོགས་དེ་རྒྱུན་འཛིན་ཡག་པོ་བྱེད་པ་དང་། སྲུང་སྐྱོང་ཡག་པོ་བྱེད་པ། དར་སྤེལ་ཡག་པོ་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་གི་མིག་རྒྱང་ཐོག་ནས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དང་ཝེ་ཐེ་ནམ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་ཀྱི་ཁ་ཕྱོགས་ཆེན་པོ་སྟངས་འཛིན་ནན་པོ་ཐུབ་པ་བྱས་ཏེ་ཕན་ཚུན་བརྩི་འཇོག་བྱ་རྒྱུ་མཐའ་འཁྱོངས་དང་། འཐབ་ཇུས་འབྲེལ་བར་ཤུགས་སྣོན། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་གཏོང་བ། དངོས་ཕན་མཉམ་ལས་ཟབ་དུ་གཏོང་བ། འགལ་ཟླ་དོ་དམ་ཚོད་འཛིན་འོས་འཚམ་བཅས་བྱས་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་མུ་མཐུད་མདུན་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
           ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བ་སྔར་བས་འཕེལ་རྒྱས་གཏོང་རྒྱུའི་ཐད་གྲོས་འགོ་བདུན་བཏོན་གནང་བ་སྟེ། གཅིག་ནི་མཐོ་རིམ་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་གཏོང་དགོས། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣ་རྒྱུན་དུ་འབྲེལ་བ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་འཐབ་ཇུས་གལ་ཆེན་གྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་། གཉིས་ནི་ཏང་གཉིས་དབར་གྱི་མཉམ་ལས་ཟབ་ཏུ་བཏང་ནས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་དགོས། ཏང་གཉིས་ཀྱི་འབྲེལ་བ་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ལྡན་ཡོད་པས་ཕྱོགས་གཉིས་པོས་ཕྱོགས་མང་དང་། ཁྱབ་ཁོངས་ཡངས་པ། རིམ་པ་མང་བ་བཅས་ཀྱི་འགྲོ་འོང་རྣམ་པ་གཏོད་པ་དང་ཏང་སྐྱོང་རྒྱལ་སྐྱོང་གི་མཉམ་མྱོང་སྤེལ་རེས་དང་དཔྱད་གཞིར་འཛིན་རྒྱུ་ཟབ་ཏུ་བཏང་སྟེ་ཐུན་མོང་ཐོག་སྲིད་སྐྱོང་ནུས་པ་དང་ཏང་འཛུགས་སྐྱོང་གི་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། གསུམ་ནི་དངོས་ཕན་མཉམ་ལས་ཟབ་ཏུ་བཏང་ནས་འཐབ་ཇུས་འབྲེལ་མཐུད་བྱ་རྒྱུ་མགྱོགས་སུ་གཏོང་དགོས། ཕྱོགས་གཉིས་པོའི་མཉམ་ལས་མཛུབ་ཁྲིད་ཨུ་ལྷན་གྱི་སྤྱི་འདོམས་མཐུན་སྦྱོར་ནུས་པ་འདོན་སྤེལ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་གཉིས་ཁེ་མཉམ་ལས་ཟབ་ཏུ་གཏོང་བ་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བཞི་ནི་དམག་དཔུང་གཉིས་དབར་གྱི་འགྲོ་འོང་སྤེལ་རེས་རྒྱ་ཆེར་བཏང་ནས་བདེ་འཇགས་མཉམ་ལས་ཟབ་ཏུ་གཏོང་དགོས། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛིན་བདེ་འཇགས་སྤེལ་རེས་མཉམ་ལས་ཟབ་ཏུ་བཏང་སྟེ་མིང་རྟགས་བཀོད་ཟིན་པའི་མཉམ་ལས་ལམ་སྲོལ་དང་གྲོས་མཐུན་དོན་འཁྱོལ་བྱེད་དགོས། ལྔ་ནི་དམངས་ཁྲོད་དབར་གྱི་འགྲོ་འོང་ཟབ་ཏུ་བཏང་སྟེ་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་ལྷག་པར་དུ་ན་གཞོན་མི་རབས་དབར་གྱི་འགྲོ་འོང་ཟབ་ཏུ་བཏང་ནས་སློབ་གསོ་དང་། རིག་གནས། གསར་འགྱུར། ཡུལ་སྐོར། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། དྲུག་ནི་ཕྱོགས་འགལ་དོ་དམ་ཚོད་འཛིན་འོས་འཚམ་བྱས་ནས་མཚོ་ཐོག་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་འཐབ་ཇུས་འབྲེལ་བར་ཤུགས་སྣོན་རྒྱག་པ་དང་ཕན་ཚུན་ཡིད་ཆེས་བྱ་རྒྱུ་མུ་མཐུད་ཟབ་ཏུ་བཏང་སྟེ་མཚོ་ཐོག་གནད་དོན་ཐག་གཅོད་བྱ་ཆེད་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་འདིང་བ་དང་ཆབས་ཅིག མཚོ་ཐོག་གི་ཐུན་མོང་གསར་སྤེལ་དང་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། བདུན་ནི་རྒྱལ་སྤྱིའི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་གྱིས་2017ལོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་ཚོགས་འདུ་འཚོག་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་བཅས་རེད།
           རོན་ཕུའུ་ཀྲུང་གིས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། འཛུགས་སྐྲུན་ཐད་གྲུབ་འབྲས་གལ་ཆེན་ཐོབ་པར་སྤྲོ་སེམས་འཁོལ་པོས་བཀྲ་ཤིས་བདེ་ལེགས་ཞུས་པ་དང་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་འོག་ཀྲུང་གོ་མི་དམངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུའི་རླབས་ཆེའི་དམིགས་ཚད་སྔ་ཙམ་མངོན་འགྱུར་ཡོང་བའི་སྨོན་འདུན་ཞུས་ཤིང་། ཁོང་གིས་ཝེ་ཐེ་ནམ་དང་ཀྲུང་གོའི་ཏང་གཉིས་ཀྱི་འགོ་ཁྲིད་མི་རབས་རྒན་གྲས་ཚོས་ཐུན་མོང་ཐོག་ཕྱོགས་གཉིས་པོའི་དབར“བློ་མཐུན་དང་སྤུན་ཟླའི”མཛའ་གྲོགས་བཏོད་ཡོད། དེ་ནི་དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བའི་ཁྲོད་ཧ་ཅང་དམིགས་བསལ་དང་རྩ་ཆེན་ཞིག་རེད། 2015ལོར་ང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ཐུག་འཕྲད་བྱུང་ཞིང་། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཝེ་ཐེ་ནམ་དང་ཀྲུང་གོའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མི་རྣམས་ལ་སྐུལ་ལྕག་ཐེབས་པའི་འཕེལ་རྒྱས་ཀྱི་རྣམ་པ་ཐོན་པས། ཝེ་ཐེ་ནམ་གྱིས་དོན་དེར་ཚད་མཐོའི་གདེང་འཇོག་བྱས་ཡོད་ཅེས་བཤད།
            གྲོས་མོལ་ཚར་རྗེས་ཞིས་ཅིན་ཕིང་དང་རོན་ཕུའུ་ཀྲུང་རྣམ་གཉིས་ཕྱོགས་གཉིས་པོའི་འབྲེལ་ཡོད་མཉམ་ལས་ཡིག་ཆར་མིང་རྟགས་འགོད་པའི་མཛད་སྒོར་ཞུགས་པ་རེད།