མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ལུའོ་དབྱི་ཐེ་ཧ་ཏེ་དང་གྲོས་
མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་18ཉིན། 09:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞིས་ཅིན་ཕིང་གིས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ལུའོ་དབྱི་ཐེ་ཧ་ཏེ་དང་གྲོས་
མོལ་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་16ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་པེར་ནེ་རུ་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ལུའོ་དབྱི་ཐེ་ཧ་ཏེ་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་བར་དགེ་མཚན་ལྡན་པའི་གདེང་འཇོག་གནང་ནས་སྒོ་དབྱེ་དང་བསྟུན་མཁས་ཀྱི་འདུ་ཤེས་མུ་མཐུད་ལག་བསྟར་བྱ་རྒྱུ་དང་མཉམ་ལས་གཉིས་ཁེའི་འགྲོ་ལམ་ཐོག་སྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་ས་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་བ་དེ་བས་ལེགས་པའི་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་རྒྱུར་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་གཞོན་པ་པེའར་སའེ་དང་། རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་དང་ནོར་སྲིད་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་མའོ་ལེར། རྒྱལ་ཕྲན་མཉམ་འབྲེལ་གྱི་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་པོ་ཁེ་ཧའར་ཐེ། རྒྱལ་ཕྲན་མཉམ་འབྲེལ་གྱི་ཨུ་ཡོན་དང་དཔལ་འབྱོར་དང་སློབ་གསོ་ཞིབ་འཇུག་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་ཧྲི་ནེ་ཏེ—ཨ་མན་བཅས་མཉམ་དུ་གྲོས་མོལ་ནང་བཞུགས་པ་རེད།
         ཞིས་ཅིན་ཕིང་གིས་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་67སོང་རིང་ཀྲུང་སུའེ་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ལ་དམིགས་རྒྱུ་ཟུང་འབྲེལ་བྱས་ཏེ་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཁག་གིས་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ཡོད། ཀྲུང་སུའེ་ཡི་འབྲེལ་བ་དེ་སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་དང་། འཕེལ་རྒྱས་ཀྱི་དུས་མཚམས་མི་འདྲ་བ། རྒྱལ་ཁབ་ཆེ་ཆུང་མི་འདྲ་བའི་འཕེལ་རྒྱས་ཀྱི་མཛའ་གྲོགས་མཉམ་ལས་བཅས་ཀྱི་མིག་དཔེར་གྱུར་ཡོད། མིག་སྔར་ཀྲུང་སུའེ་ཡི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་བཟང་པོ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། ན་ནིང་ཀྲུང་སུའེ་དབར་གསར་གཏོད་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་ནས་བཟུང་རྒྱལ་ཁབ་གཉིས་པོའི་མཉམ་ལས་གཏིང་ཟབ་ཏུ་འགྲོ་རྒྱུར་ཁྲིད་སྟོན་གྱི་ནུས་པ་གལ་ཆེན་ཐོན་ཡོད། ང་ཚོས་སུའེ་ཙེར་ཕྱོགས་དང་མཉམ་དུ་ཀྲུང་སུའེ་ཡི་འབྲེལ་བ་དེ་བས་ལེགས་པའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་བ་རེད།
         ཞིས་ཅིན་ཕིང་གིས་མིག་སྔའི་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་དུས་བབ་འོག་ཀྲུང་སུའེ་རྒྱལ་ཁབ་གཉིས་པོས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གལ་འགངས་ཆེན་པོ་ཞིག་ཡིན། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་འཆར་ཅན་རང་བཞིན་གྱི་འགྲོ་འོང་རྒྱུན་འཁྱོངས་བྱས་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་འཐབ་ཇུས་ཀྱི་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཕྱོགས་གཉིས་པོས་ཚོང་དོན་དང་དངུལ་རྩའི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སུའེ་ཙེར་ཕྱོགས་དང་མཉམ་དུ་གསར་གཏོད་མཉམ་ལས་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་གྲངས་གཞི་ཅན་དང་། རིག་ནུས་བཟོ་སྐྲུན། ཐོན་ནུས་སོགས་ཀྱི་ཐད་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལེགས་ཆ་གསབ་རེས་བྱེད་འདོད་ཡོད། ཕྱོགས་གཉིས་པོས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་རྒྱ་ཆེར་གཏོང་བ་དང་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་གྱི་སློབ་མའི་གཞི་ཁྱོན་ཆེ་རུ་བཏང་ནས་ལས་རིགས་སློབ་གསོའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ས་གནས་དང་དམངས་ཁྲོད་སྤེལ་རེས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་འབྲེལ་གཏུག་མཉམ་ལས་དམ་ཟབ་བྱས་ནས་གོ་ལ་ཧྲིལ་པོའི་ཚོང་དོན་རང་མོས་ཅན་གྱི་འཕེལ་རིམ་ལ་སྲུང་སྐྱོང་བྱེད་པ་དང་ཚོང་དོན་སྲུང་སྐྱོང་རིང་ལུགས་ལ་མཉམ་དུ་ངོ་རྒོལ་བྱས་ཏེ་2030ལོའི་རྒྱུན་སྲིང་འཕེལ་རྒྱས་གཏོང་བའི་གྲོས་རིམ་དོན་འཁྱོལ་བྱ་རྒྱུར་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་ནི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་སུའེ་ཙེར་གྱིས“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་གྲོས་འགོར་རྒྱབ་སྐྱོར་ཧུར་ཐག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཡོ་རོབ་ཀྱི་རྒྱལ་ཁབ་ཁྲོད་སུའེ་ཙེར་གྱིས་གླིང་ཆེན་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་ནང་སྔོན་ལ་ཞུགས་པར་བསྔགས་བརྗོད་བྱ་རྒྱུ་ཡིན་པས་སུའེ་ཙེར་དང་མཉམ་དུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། དངུལ་རྩ། འགན་བཅོལ། ཐོན་ནུས་མཉམ་ལས་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་བྱ་རྒྱུར་འཚོལ་ཞིབ་དང་གྲོས་བསྡུར་ཧུར་ཐག་བྱས་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་བ་རེད།
         ལུའོ་དབྱི་ཐེ་ཧ་ཏེ་དང་གྲོས་མོལ་ནང་ཞུགས་མཁན་གྱི་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཨུ་ཡོན་རྣམ་པས་ཀྲུའུ་ཞི་ཞིས་ཅིན་ཕིང་སུའེ་ཙེར་དུ་རྒྱལ་དོན་འཚམས་འདྲི་གནང་བར་སླར་ཡང་ཕེབས་པར་དགའ་བསུ་ཞུས་པ་དང་ད་ཐེངས་ཀྱི་འཚམས་འདྲི་གནང་བ་བརྒྱུད་སུའེ་ཙེར་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་གྲོགས་དང་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་འགྲོ་རྒྱུའི་ཡིད་ཆེས་ཡོད། སུའེ་ཙེར་དང་ཀྲུང་གོའི་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་པ་ནས་བཟུང་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་ཐུབ་པ་དང་། རྒྱལ་སྤྱིའི་ཞི་བདེ་དང་འཕེལ་རྒྱས་གྱི་གནད་དོན་མང་པོའི་ཁྲོད་ལྟ་སྟངས་གཅིག་མཚུངས་ཡིན། སུའེ་ཙེར་གྱིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ལྷག་པར་དུ་དབུལ་པོ་ཉུང་གཏོང་དང་མི་དམངས་ཀྱི་གཟི་བསོད་ཆེ་རུ་གཏོང་རྒྱུའི་ཐད་ཀྱི་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་ཡིད་སྨོན་བྱེད་ཀྱི་ཡོད། མིག་སྔའི་དུས་བབ་འོག་སུའེ་ཙེར་གྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཚོང་དོན་དང་། དངུལ་རྩ། གསར་གཏོད། རིག་གནས། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་གླེང་མོལ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་འཛམ་གླིང་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་དང་། གོ་ལ་ཧྲིལ་པོའི་སྒོ་དབྱེའི་ཚོང་དོན་ལ་སྲུང་སྐྱོང་། ཚོང་དོན་དང་མ་འཇོག་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བཅས་བྱ་རྒྱུར་ཐུན་མོང་ཐོག་གཞོལ་འདོད་ཡོད་ཅེས་གསུངས་པ་རེད།
         གྲོས་མོལ་གནང་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱི་འབྲེལ་དང་། རང་མོས་ཚོང་དོན་། འཕེལ་རྒྱས་མཉམ་ལས། ནུས་རྒྱུ། འགག་སྒོ ཤེས་བྱའི་བདག་དབང་། རིག་གནས། སློབ་གསོ། ལུས་རྩལ། ས་གནས་འགྲོ་འོང་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆར་མིང་རྟགས་འགོད་རྒྱུར་བདེན་དཔང་གནང་བ་རེད།