མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་
རིན་ཡོད་བེད་སྤྱོད་ལམ་ལུགས་སྒྱུར་བཅོས་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་18ཉིན། 09:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་16ཉིན། ཙུང་ལི་ལི་ཁེ་ཆང་གིས་མཚན་རྟགས་བཀོད་ནས་ཆོག་མཆན་ཐོབ་པ་བརྒྱུད་ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་དང་རྒྱུ་ནོར་རིན་ཡོད་བེད་སྤྱོད་ལམ་ལུགས་སྒྱུར་བཅོས་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》(གཤམ་དུ་《བསམ་འཆར་》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
         《བསམ་འཆར་》ནང་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་རིན་ཡོད་བེད་སྤྱོད་ལམ་ལུགས་ནི་སྣོད་བཅུད་ཤེས་དཔལ་ལམ་ལུགས་མ་ལག་གི་ལྟེ་བའི་ལམ་ལུགས་ཤིག་རེད། ལམ་ལུགས་སྒྱུར་བཅོས་བྱེད་རྒྱུ་དེ་རང་བྱུང་ཐོན་ཁུངས་སྲུང་སྐྱོང་དང་ལུགས་མཐུན་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། གཞུང་ཁོངས་ལ་དབང་མཁན་དང་བེད་སྤྱོད་མཁན་གྱི་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་པ། རང་བྱུང་ཐོན་ཁུངས་ཀྱི་བདག་དབང་ལམ་ལུགས་དང་སྣོད་བཅུད་ཤེས་དཔལ་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ཚེ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་ཡོད་པ་རེད།
         《བསམ་འཆར་》ནང་ཁྲོམ་རས་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་ཤུགས་མི་འདང་བ་དང་། བདག་དབང་ཡོད་མཁན་དམིགས་སར་མི་འབྱོར་བ། བདག་དབང་ཡོད་མཁན་གྱི་ཁེ་ཕན་དོན་འཁྱོལ་མི་ཐུབ་པ་སོགས་ཀྱི་གནད་དོན་མངོན་གསལ་དོད་པོར་དམིགས་ཏེ་སྒྱུར་བཅོས་ཐད་སྲུང་སྐྱོང་སྔོན་འགྲོ་དང་། ལུགས་མཐུན་བེད་སྤྱོད། དབང་གཉིས་ལོགས་དབྱེ། དབང་ནུས་ཆེར་གཏོང་། ཁྲོམ་རས་བཀོད་སྒྲིག སྒྲིག་སྲོལ་འཐུས་ཚང་། དབང་འགན་ཁ་གསལ། རིམ་དབྱེའི་ལག་བསྟར། བྱ་ཐབས་གསར་གཏོད། ལྟ་སྐུལ་ལ་ཤུགས་སྣོན་བཅས་ཀྱི་གཞི་རྩའི་རྩ་དོན་མཐའ་འཁྱོངས་བྱས་ནས་2020ལོར་སླེབས་སྐབས་དབང་འགན་ཁ་གསལ་དང་། དབང་ནུས་ཀུན་འཛོམས། སྒྲིག་སྲོལ་འཐུས་ཚང་། ལྟ་སྐུལ་ནུས་ལྡན། དབང་ཆ་དོན་འཁྱོལ་བཅས་ཀྱི་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་རིན་ཡོད་བེད་སྤྱོད་ཀྱི་ལམ་ལུགས་སྤྱིར་ན་འཛུགས་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
         《བསམ་འཆར་》ནང་ས་ཞིང་དང་། ཆུ། གཏེར་རྫས། ནགས་ཚལ། རྩྭ་ཐང་། མཚོ་ཁོངས་མཚོ་གླིང་སོགས་རྒྱལ་ཁབ་ལ་དབང་བའི་རང་བྱུང་ཐོན་ཁུངས་རིགས་6གི་ཁྱད་ཆོས་དང་གནས་ཚུལ་མི་འདྲ་བར་གཞིགས་ནས། རིན་ཡོད་བེད་སྤྱོད་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་གཙོ་གནད་ལས་འགན་བཏོན་ཡོད་པ་སྟེ། གཅིག་ནས་རྒྱལ་ཁབ་ས་ཆའི་ཐོན་ཁུངས་རིན་ཡོད་བེད་སྤྱོད་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཁྱབ་རྒྱ་ཆེ་རུ་དང་དབང་ནུས་ཆེ་རུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ་རིན་ཡོད་བེད་སྤྱོད་བྱེད་རྒྱུ་དེ་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་དང་རྒྱལ་ཁབ་ལ་དབང་བའི་ཞིང་སྤྱོད་ས་ཆའི་དབར་རྒྱ་ཆེར་གཏོང་དགོས་པ་དང་། གཉིས་ནས་ཆུའི་ཐོན་ཁུངས་རིན་ཡོད་བེད་སྤྱོད་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་ཆུའི་ཐོན་ཁུངས་གྲོན་དངུལ་གྱི་ཧེ་བག་ཡོད་པའི་སྒོ་ནས་བསྡུ་བའི་ཚད་གཞི་དང་དོ་དམ་ལམ་ལུགས་འཛུགས་པ་དང་ཆུའི་ཐོན་ཁུངས་གྲོན་དངུལ་བསྡུ་ལེན་དོ་དམ་ནན་དུ་བཏང་སྟེ་བསྡུ་དགོས་རིགས་གང་ཐུབ་བསྡུ་དགོས་པ། གསུམ་ནས་གཏེར་རྫས་ཐོན་ཁུངས་རིན་ཡོད་བེད་སྤྱོད་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་གཏེར་ལས་དབང་ཆ་རིན་ཡོད་བརྒྱུད་བཤུག་གཏོང་བ་དང་གཏེར་ལས་དབང་ཆ་རིན་ཡོད་བཟུང་བ་དང་གཏེར་རྫས་ཐོན་ཁུངས་ཀྱི་ཁྲལ་གྲོན་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་གཏེར་ལས་དབང་ཆ་རིམ་དབྱེ་རིགས་དབྱེའི་ངང་བརྒྱུད་བཤུག་གཏོང་བའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ། བཞི་ནས་གཞུང་ཁོངས་ནགས་ཚལ་ཐོན་ཁུངས་རིན་ཡོད་བེད་སྤྱོད་ལམ་ལུགས་བཙུགས་ནས་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་སྲིད་ཇུས་ལག་ལེན་ནན་པོ་བསྟར་བ་དང་། གཞུང་ཁོངས་ནགས་ཚལ་ཐོན་ཁུངས་རིན་ཡོད་བེད་སྤྱོད་དང་བརྒྱུད་བཤུག་གཏོང་རྒྱུ་ཚད་ལྡན་དུ་གཏོང་བ། རིན་ཡོད་བེད་སྤྱོད་ཀྱི་ཁྱབ་ཁོངས་དང་། ཡུན་ཚད། ཆ་རྐྱེན། གོ་རིམ། བྱ་ཐབས་བཅས་འགན་ལེན་བྱེད་པ། བོགས་གཏོང་དང་དམིགས་བསལ་གཉེར་སྐྱོང་བྱེད་དུ་འཇུག་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ནགས་ཁྲོད་ཡུལ་སྐོར་འཕེལ་རྒྱས་གཏོང་དགོས་པ། ལྔ་ནས་རྒྱལ་ཁབ་ལ་དབང་བའི་རྩྭ་ཐང་གི་ཐོན་ཁུངས་རིན་ཡོད་བེད་སྤྱོད་ལམ་ལུགས་བཙུགས་ནས་ལམ་ལུགས་སྒྱུར་བཅོས་བྱེད་པའི་གཞུང་ཁོངས་ཚན་པ་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་ལ་དབང་བའི་རྩྭ་ཐང་དང་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ལ་བརྒྱུད་བཤུག་བཏང་བ་ཕུད་པའི་གཞུང་ཁོངས་རྩྭ་ཐང་ལ་རིན་ཡོད་བེད་སྤྱོད་འཚོལ་ཞིབ་བྱེད་དགོས་པ། དྲུག་ནས་མཚོ་ཁོངས་དང་གླིང་ཕྲན་རིན་ཡོད་བེད་སྤྱོད་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་མཚོ་ཁོངས་བེད་སྤྱོད་དབང་ཆའི་དབང་ཚད་ཆེ་རུ་གཏོང་བ་དང་ཡུལ་མི་སྡོད་མཁན་མེད་པའི་གླིང་ཕྲན་བེད་སྤྱོད་དབང་ཆ་གཏན་འཁེལ་དང་དེའི་དབང་ཆའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་འབྲེལ་ཁྲོམ་ར་ཅན་གྱི་སྒོ་ནས་བརྒྱུད་བཤུག་གཏོང་ཁྱོན་རིམ་གྱིས་ཆེ་རུ་གཏོང་དགོས་པ་བཅས་ཡིན་པ་རེད།
         《བསམ་འཆར་》ནང་སྒྱུར་བཅོས་སྤྱི་འདོམས་མཐུན་སྦྱོར་དང་སྒྲིག་འཛུགས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་ལམ་ལུགས་དང་། བར་མཐོངས་འཆར་འགོད་མ་ལག སྣོད་བཅུད་སྲུང་སྐྱོང་སྐྱིན་གསབ་ལམ་ལུགས་སོགས་ཀྱི་འབྲེལ་ཡོད་སྒྱུར་བཅོས་དང་སྦྲེལ་མཐུད་མཐུན་སྦྱོར་ཐུབ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། གཏེར་ལས་དབང་ཆ་བརྒྱུད་བཤུག་ལམ་ལུགས་སོགས་ཀྱི་སྒྱུར་བཅོས་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། མ་རྩ་གཙང་བཤེར་ཞིབ་རྩིས་ལས་དོན་སྤེལ་བ། སྒྲིག་འཛུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཞིབ་ཕྲའི་ཁྱབ་ཁོངས་ཁག་གི་སྒྱུར་བཅོས་ལས་འགན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།