མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་2017ལོའི་ལོ་ཚོགས་ཀྱི་འགོ་
ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་
བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་20ཉིན། 17:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་2017ལོའི་ལོ་ཚོགས་ཀྱི་འགོ་
ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་
བཤད་ཀྱང་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་17ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཏ་ཝོ་སི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་འཚོགས་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་2017ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་《དུས་རབས་ཀྱི་འགན་འཁྲི་མཉམ་འཁུར་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་མཉམ་སྐུལ་བྱེད་དགོས་》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་བ།
        བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་དང་དཔལ་འབྱོར་གོ་ལ་ཅན་གྱི་འཕེལ་ཕྱོགས་ལ་ཁྲིད་སྟོན་ཡག་པོ་བྱས་ནས་འཛམ་གླིང་དཔལ་འབྱོར་ཡར་འཕེལ་དང་། མཉམ་ལས། བཅོས་སྐྱོང་། འཕེལ་རྒྱས་བཅས་ཀྱི་རྣམ་པ་གསར་པ་ཞིག་གཏོད་དགོས་ཞེས་ནན་བཤད་གནང་བ་དང་འབྲེལ་ཀྲུང་གོས་པེ་ཅིང་དུ“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་གཙོ་གཉེར་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་ཀྱང་གནང་བ།
ཚེས་17ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཏ་ཝོ་སི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་འཚོགས་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་2017ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་《དུས་རབས་ཀྱི་འགན་འཁྲི་མཉམ་འཁུར་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་མཉམ་སྐུལ་བྱེད་དགོས་》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་ཞིང་། ཁོང་གིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་དང་དཔལ་འབྱོར་གོ་ལ་ཅན་གྱི་འཕེལ་ཕྱོགས་ལ་ཁྲིད་སྟོན་ཡག་པོ་བྱས་ནས་གསོན་ཤུགས་ལྡན་པའི་ཡར་འཕེལ་རྣམ་པ་དང་། སྒོ་དབྱེ་གཉིས་ཕན་གྱི་མཉམ་ལས་རྣམ་པ། གཞུང་དྲང་ལུགས་མཐུན་གྱི་བཅོས་སྐྱོང་རྣམ་པ། དོ་སྙོམས་ཀུན་ཕན་གྱི་འཕེལ་རྒྱས་རྣམ་པ་བཅས་གསར་གཏོད་བྱེད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ། འགན་འཁྲི་ཐུན་མོང་ཐོག་ཏུ་ཁུར་བ། ཕྱར་བ་གྲུ་འདེགས་བྱེད་པ་བཅས་ཀྱི་ཐོག་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས། བཞེད་དོན་གཙོ་བོའི་གཏམ་བཤད་གནང་སྐབས་དཔལ་འབྱོར་གོ་ལ་ཅན་ནི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་དགོས་འདུན་དངོས་ཤིག་རེད་ལ་ཚན་རྩལ་ཡར་ཐོན་གྱི་ལྡོག་མེད་གྲུབ་འབྲས་ཤིག་ཀྱང་རེད། དཔལ་འབྱོར་གོ་ལ་ཅན་གྱིས་འཛམ་གླིང་གི་དཔལ་འབྱོར་ཡར་འཕེལ་ཡོང་རྒྱུར་སྒུལ་ཤུགས་ཆེན་པོ་ཞིག་ཐོན་པ་བྱས་ཡོད་ལ་ཚོང་ཟོག་དང་མ་རྩ་འཁོར་རྒྱུག་དང་། ཚན་རྩལ་དང་ཤེས་དཔལ་ཡར་ཐོན། རྒྱལ་ཁབ་ཁག་གི་མི་དམངས་འགྲོ་འོང་བཅས་ལ་སྐུལ་འདེད་ཀྱང་བཏང་ཡོད། དཔལ་འབྱོར་གོ་ལ་ཅན་དུ་འགྱུར་བ་ལས་གནད་དོན་གསར་པ་ཐོན་པ་ནི་སྨོས་མེད་རེད། འོན་ཏེ་འཛམ་གླིང་དཀའ་གནས་སུ་གྱར་བའི་གནད་དོན་དག་དཔལ་འབྱོར་གོ་ལ་ཅན་ལས་བྱུང་བ་ཞིག་ཡིན་ཞེས་སླ་བཅོས་ཀྱིས་བརྗོད་པ་ནི་དོན་དངོས་དང་མི་མཐུན་པ་ཞིག་རེད་ལ་གནད་དོན་ཐག་གཅོད་ཐུབ་རྒྱུར་ཕན་པ་མེད་པ་ཞིག་ཀྱང་རེད། དེས་ན་ང་ཚོས་དཔལ་འབྱོར་གོ་ལ་ཅན་དང་འཚམ་པར་བྱེད་པ་དང་། དཔལ་འབྱོར་གོ་ལ་ཅན་ལ་ཁྲིད་སྟོན་བྱེད་པ། དཔལ་འབྱོར་གོ་ལ་ཅན་གྱི་ཤུགས་རྐྱེན་ངན་པ་སེལ་བ་བཅས་བྱས་ནས་དེའི་ཕན་པ་རྒྱལ་ཁབ་དང་མི་རིགས་ཚང་མར་སྔར་བས་ཡག་པོ་ཐོབ་པར་བྱེད་དགོས། ང་ཚོས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་དོ་དམ་འོས་འཚམ་བྱས་ཏེ་དཔལ་འབྱོར་གོ་ལ་ཅན་གྱི་དྲང་ཕྱོགས་ནུས་པ་སྔར་བས་འདོན་སྤེལ་བྱས་ནས་དཔལ་འབྱོར་གོ་ལ་ཅན་གྱི་འཕེལ་རིམ་སླར་ཡང་དོ་སྙོམས་ཡོང་བ་བྱེད་དགོས་པ་དང་། ང་ཚོས་འཕེལ་ཕྱོགས་ཆེན་པོ་དང་བསྟུན་པ་དང་རང་རྒྱལ་གྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་དཔལ་འབྱོར་གོ་ལ་ཅན་ནང་ཞུགས་པའི་ཐབས་ལམ་དང་ཞུགས་སྟངས་གདམ་ག་ཡང་དག་བྱེད་དགོས། ང་ཚོས་ལས་ཕྱོད་ལ་སྣང་ཆེན་དང་དྲང་གཞག་ཡོང་རྒྱུར་མཐོང་ཆེན་བྱས་ཏེ་རྒྱལ་ཁབ་མི་འདྲ་བ་དང་། བང་རིམ་མི་འདྲ་བ། མི་ཚོགས་མི་འདྲ་བ་བཅས་ལ་དཔལ་འབྱོར་གོ་ལ་ཅན་གྱི་ཕན་པ་མཉམ་དུ་སྤྱོད་རྒྱུ་ཡོང་བ་བྱེད་དགོས་ཞེས་བསྟན་གནང་བ་རེད།
        ཞིས་ཅིན་ཕིང་གིས། མིག་སྔར་འཛམ་གླིང་གི་དཔལ་འབྱོར་ཁྱབ་ཁོངས་སུ་མངོན་གསལ་དོད་པའི་འགལ་བ་ཆེན་པོ་གསུམ་ད་དུང་སེལ་ཐུབ་མེད། གོ་ལ་ཧྲིལ་པོའི་འཕར་ཤུགས་མི་འདང་བའི་དབང་གིས་འཛམ་གླིང་གི་དཔལ་འབྱོར་མུ་མཐུད་བརྟན་པོའི་ངང་འཕར་རྒྱུར་འདེགས་སྐྱོར་དཀའ་བ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་རྗེས་ལུས་ཐེབས་པའི་དབང་གིས་འཛམ་གླིང་དཔལ་འབྱོར་གྱི་འགྱུར་བ་གསར་པ་དང་འཚམ་དཀའ་བ། གོ་ལ་ཧྲིལ་པོ་འཕེལ་རྒྱས་དོ་སྙོམས་མ་བྱུང་བའི་དབང་གིས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་འདོད་བྱེད་པའི་མི་རྣམས་ཀྱི་རེ་བ་སྐོང་དཀའ་བ་བཅས་རེད། དེས་ན་ང་ཚོས་གཅིག་ནས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་ཡར་སྐུལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གསོན་ཤུགས་ལྡན་པའི་ཡར་འཕེལ་རྣམ་པ་གཏོད་དགོས་པ་དང་། གཉིས་ནས་རོགས་ལས་མཉམ་འགུལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྒོ་དབྱེ་གཉིས་ཕན་གྱི་མཉམ་ལས་རྣམ་པ་གཏོད་དགོས། གསུམ་ནས་དུས་བསྟུན་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་གཞུང་དྲང་ལུགས་མཐུན་གྱི་བཅོས་སྐྱོང་རྣམ་པ་གཏོད་དགོས། བཞི་ནས་གཞུང་དྲང་བསྟུན་མཁས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དོ་སྙོམས་ཀུན་ཕན་གྱི་འཕེལ་རྒྱས་རྣམ་པ་གཏོད་དགོས། ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་བཙུགས་ཏེ་ལག་གདང་སྦྲེལ་ནས་འབད་བརྩོན་བྱེད་པ་དང་། ཐུན་མོང་ཐོག་ཏུ་འགན་འཁྲི་ཁུར་བ། ཕན་ཚུན་ཕྱར་བ་གྲུ་འདེགས་བྱེད་པ། ཀུན་གྱིས་མཉམ་དུ་དཀའ་གནད་ལས་སྒྲོལ་ཐབས་བྱེད་པ་བཅས་བྱས་ན་འཛམ་གླིང་འདི་ཉིད་དེ་བས་མཛེས་སྡུག་ལྡན་པ་དང་མི་དམངས་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་ངེས་ཡིན་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས། ལོ་38སྒྱུར་བཅོས་སྒོ་དབྱེ་བྱས་པ་བརྒྱུད། ཀྲུང་གོ་འདི་ཉིད་འཛམ་གླིང་ཐོག་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པར་གྱུར་ཡོད། ཀྲུང་གོའི་འཕེལ་རྒྱས་ལ་གྲུབ་འབྲས་ཤིན་ཏུ་ཆེན་པོ་ཐོབ་པའི་འགག་རྩ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་པས་རེད། དེ་ནི་རྒྱལ་ཁབ་འདི་ཉིད་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་ཏེ་གཏན་ལ་ཕབ་པའི་ལམ་བུ་ཞིག་དང་། མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་བཞག་པའི་ལམ་བུ་ཞིག སྒྱུར་བཅོས་གསར་གཏོད་ཀྱི་ལམ་བུ་ཞིག སྒོ་དབྱེའི་ཁྲོད་ཐུན་མོང་འཕེལ་རྒྱས་ཡོང་ཐབས་བྱེད་པའི་ལམ་བུ་ཞིག་བཅས་རེད་ཅེས་གསུངས་པ་རེད།
        ཞིས་ཅིན་ཕིང་གིས། ཀྲུང་གོའི་འཕེལ་རྒྱས་ལ་གྲུབ་འབྲས་ཤིན་ཏུ་ཆེན་པོ་ཐོབ་པ་དང་ཀྲུང་གོ་མི་དམངས་ཀྱི་འཚོ་བར་ལེགས་བཅོས་ཧ་ཅང་ཆེན་པོ་བྱུང་བ་དེ་ཀྲུང་གོའི་ངོས་ནས་བརྗོད་ན་བྱ་བ་བཟང་པོ་ཞིག་རེད་ལ། འཛམ་གླིང་ངོས་ནས་བརྗོད་ནའང་བྱ་བ་བཟང་པོ་ཞིག་རེད། ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་ཀྲུང་གོ་མི་དམངས་ཀྱིས་ལོ་བཅུ་ཕྲག་ཁ་ཤས་ནང་དཀའ་བ་དུ་མ་སྤྱད་པ་དང་རྔུལ་ཆུ་དང་ཟུངས་ཁྲག་བཏོན་པ་ལས་བྱུང་བ་ཞིག་རེད། འཕེལ་རྒྱས་ཡོང་བ་བྱེད་དགོས་ན་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་དགོས་པ་དེ་ཀྲུང་གོ་མི་དམངས་ཀྱིས་གསལ་པོ་ཤེས་ཀྱི་ཡོད། ཀྲུང་གོར་འཕེལ་རྒྱས་གང་འདྲ་བྱུང་མིན་ཤེས་རྟོགས་བྱེད་འདོད་ན་ཀྲུང་གོ་མི་དམངས་ལ་གང་ཞིག་ཐོབ་མིན་ལ་ལྟ་དགོས་ལ་ཀྲུང་གོ་མི་དམངས་ཀྱིས་དཀའ་སྤྱད་འབད་བརྩོན་གང་འདྲ་བྱས་མིན་ལའང་ལྟ་དགོས་པ་དང་། ཀྲུང་གོར་གྲུབ་འབྲས་གང་ཞིག་ཐོབ་མིན་ལ་ལྟ་དགོས་ལ་ཀྲུང་གོས་འཛམ་གླིང་ལ་ལེགས་སྐྱེས་གང་ཞིག་འབུལ་མིན་ལའང་ལྟ་དགོས། དེ་ནི་ཆ་ཚང་བའི་ལྟ་སྟངས་ཤིག་ཡིན་ཞེས་ནན་བཤད་གནང་བ་རེད།
        ཞིས་ཅིན་ཕིང་གིས། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་གི་གོ་སྐབས་ཤིག་ཡིན། ཀྲུང་གོ་ནི་དཔལ་འབྱོར་གོ་ལ་ཅན་ཁྲོད་ཀྱི་ཁེ་ཕན་ཐོབ་མཁན་ཞིག་ཡིན་ལ་ལེགས་སྐྱེས་འབུལ་མཁན་ཞིག་དེ་བས་ཀྱང་ཡིན། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཕྱིན་པ་ལས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བརྟན་པོ་དང་འཕར་རྒྱུར་རྒྱུན་སྲིང་ཤུགས་ཆེའི་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད། ཀྲུང་གོས་རྒྱལ་ཁབ་མང་པོ་ཞིག་དང་མཉམ་འབྲེལ་ཐོག་འཕེལ་རྒྱས་ལ་གཞོལ་བས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་དེ་བས་སྙོམས་པོ་བྱུང་ཡོད། ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་བྱ་གཞག་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་ལས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་དེ་བས་བསྟུན་མཁས་བྱུང་ཡོད། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེར་མུ་མཐུད་སྐུལ་འདེད་བཏང་བས་སྒོ་དབྱེའི་རྣམ་པའི་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ནུས་གལ་ཆེན་མཁོ་འདོན་བྱས་ཡོད། ཀྲུང་གོ་འཕེལ་རྒྱས་བྱུང་བའི་གྲུབ་འབྲས་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་མཉམ་དུ་སྤྱོད་རྒྱུར་ཀྲུང་གོ་མི་དམངས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།