མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་སྟེ་
《སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི(བསམ་འཆར་བསྡུ་ལེན་མ་
ཟིན)》ལ་གྲོས་བསྡུར་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་20ཉིན། 17:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་18ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་གཙོ་སྐྱོང་གནང་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་གནང་བ་དང་《སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི(བསམ་འཆར་བསྡུ་ལེན་མ་ཟིན་)》ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར་)ཁག་དང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པ་དང་སྡེ་ཚན་ལ་བསམ་འཆར་བསྡུ་ལེན་བྱ་རྒྱུར་བསྐུར་རྒྱུའི་གཏན་འབེབས་གནང་བ་རེད།
ལི་ཁེ་ཆང་གིས་འདས་ཟིན་པའི་ལོ་གཅིག་ནང་རང་རྒྱལ་གྱི་འཕེལ་རྒྱས་ཐད་རྙོག་འཛིང་ཆེ་ལ་ཛ་དྲག་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་འཕྲད་པ་དང་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་ཀྱི་གོང་འོག་ཚང་མ་དང་སྤྱི་ཚོགས་ལས་རིགས་ཁག་གིས་དཀའ་ངལ་སྔོན་བསུ་དང་སྙིང་རུས་ཆེན་པོས་མདུན་སྐྱོད་བྱས་ཏེ་ལོ་འཁོར་མོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་གཙོ་བོ་ཅུང་ལེགས་པའི་ངང་ལེགས་སྒྲུབ་བྱས་པ་དང་། དཔལ་འབྱོར་འཁོར་རྒྱུག་བརྟན་ཐོག་ཡར་འཕེལ་བྱུང་བ། སྒྱུར་བཅོས་སྒོ་དབྱེ་དང་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་བཏང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་དང་ཡུལ་མིའི་ཡོང་འབབ་མུ་མཐུད་འཕར་བ། མི་དམངས་ཀྱི་འཚོ་བ་སླར་ཡང་ལེགས་སུ་སོང་བ་བཅས་བྱུང་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་ཞིག་འཛུགས་ཐུབ་ཡོད།
གྲུབ་འབྲས་ཐོབ་དཀའ་བ་ཞིག་ཡིན་པ་དེ་ཐོག་ནས་ང་ཚོས་མུ་མཐུད་འབད་འབུངས་ཆེན་པོས་མདུན་སྐྱོད་བྱེད་པའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་སོང་ཡོད་ཅེས་གསུངས་པ་རེད།
    ལི་ཁེ་ཆང་གིས་འདི་ལོའི་སྲིད་གཞུང་ལས་དོན་སྔར་བཞིན་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བ་ཞིག་ཡོད་པ་དང་འཛམ་གླིང་དཔལ་འབྱོར་དུས་བབ་བརྟན་པོ་མེད་པའི་རྒྱུ་རྐྱེན་མངོན་གསལ་དོད་པོས་མང་དུ་འགྲོ་བ་དང་རྒྱལ་ནང་གི་དཀའ་ངལ་དང་འགྲན་སློང་སྣ་ཚོགས་མདུན་དུ་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་ལ། འཐབ་ཇུས་ཀྱི་ཚུགས་ནུས་དང་གཏིང་ཤུགས་ཀྱང་རྒྱུན་འཁྱོངས་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱས་ནས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་ལྟེ་བར་བྱེད་པ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས་འཕར་རྒྱུ་བརྟན་པོ་དང་། སྒྱུར་བཅོས་ལ་སྐུལ་གཏོང་། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་སྔོན་འགོག་བཅས་ཀྱི་ལས་དོན་ཁག་ཁྱོན་ཡོངས་ནས་ཡག་པོ་བསྒྲུབས་ཏེ། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་། སྒྱུར་བཅོས་ལ་བརྟེན་ནས་སྐུལ་འདེད་གཏོང་བ། སྒོ་དབྱེར་བརྟེན་ནས་སྐུལ་ཁྲིད་བྱེད་པ་བཅས་ཀྱི་རྩེག་སྣོན་ཕན་འབྲས་མུ་མཐུད་ཐོན་པ་བྱས་ཐོག་དངོས་ཚན་དཔལ་འབྱོར་རིམ་སྤོར་དང་དམངས་འཚོ་ཟམ་མི་ཆད་པར་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་བརྟན་པོ་དང་སྐྱོན་བྲལ་འཕེལ་རྒྱས་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་བཏང་སྟེ་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་བསྟན་གནང་བ་རེད།
     ལི་ཁེ་ཆང་གིས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རྒྱལ་ཁབ་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས“བྱ་བ་སྒྲུབ་རྒྱུ”ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་འགྱུར་ལྡོག་ལ་ཁ་གཏད་གཅོག་མཁས་པ་མ་ཟད། དཀའ་གནད་ཀྱང་སེལ་མཁས་པོ་བྱས་ནས་དུས་ཚིགས་དང་པོའི་གཙོ་གནད་ལས་དོན་ཁག་ཡག་པོ་སྒྲུབ་རྒྱུར་དམ་འཛིན་བྱེད་པ་དང་། གཏན་འཁེལ་ཟིན་པའི་སྲིད་ཇུས་གང་མགྱོགས་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ་ལོ་འཁོར་མོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱ་ཆེད་རྨང་གཞི་ཡག་པོ་འདིང་དགོས། དཔལ་འབྱོར་འཁོར་རྒྱུག་དམིགས་ཚད་ཀྱི་ཐོན་བཟོ་ཡོད་པའི་འགྱུར་ལྡོག་ལ་རྗེས་སྙེག་དབྱེ་ཞིབ་ཟབ་མོ་བྱས་ཏེ། གཙོ་གནད་མངོན་གསལ་དོད་པོ་དང་ཕན་ནུས་ལྡན་པའི་བྱེད་ཐབས་གསར་པ་མགྱོགས་མྱུར་ཞིབ་འཇུག་བྱས་ཏེ་ལག་བསྟར་བྱེད་དགོས། སྒྱུར་བཅོས་ཁག་མུ་མཐུད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་ཁྲོམ་རའི་གསོན་ཤུགས་སྔར་བས་འཕེལ་བར་བྱས་ནས། མི་དམངས་མང་ཚོགས་ཀྱི་གསར་གཏོད་ནུས་པ་སྐུལ་སློང་གང་ལེགས་བྱེད་དགོས། སྤྱི་ཚོགས་ཀྱི་དོ་ཁུར་ལ་རང་འགུལ་ངང་དུས་ཐོག་ཏུ་ཨ་ལན་ཧུར་ཐག་སློག་པ་དང་ཁྲོམ་རའི་སྔོན་དཔག་བརྟན་པོ་ཡོང་བ་བྱས་ཏེ། གོ་སྐབས་སྟངས་འཛིན་དང་དམ་འཛིན་བྱེད་པ་དང་ཉེན་ཁ་སེལ་བའི་འགྲན་སློང་ཁྲོད་དཔལ་འབྱོར་འཁོར་རྒྱུག་ལུགས་དང་མཐུན་པ་དང་། སྒྱུར་བཅོས་གཏིང་ཟབ་དང་། གྲུབ་ཆ་ལེགས་སྒྲིག རིམ་སྤོར་ལ་སྐུལ་གཏོང་། དམངས་འཚོ་ལེགས་གཏོང་སོགས་ཐད་འཕེལ་རིམ་གསར་པ་དེ་བས་ཆེ་བ་ཡོང་བ་བྱས་ཏེ། མང་ཚོགས་ཀྱི་རེ་སྒུག་བྱེད་ས་ཐག་གཅོད་གང་ཐུབ་བྱེད་པ་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་དང་རེ་འདུན་ཆུད་ཟོས་སུ་མི་འགྲོ་བ་བྱེད་དགོས་ཞེས་གསུངས་པ་རེད།