མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧོ་དང་མཇལ་
འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་20ཉིན། 17:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་18ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་སུའེ་ཙེར་གྱི་གྲོང་ཁྱེར་ལུའོ་སང་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྟེན་རྫས་བཤམས་མཛོད་ཁང་དུ་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧོ་དང་མཇལ་འཛོམས་གནང་བ་རེད།
ཞིས་ཅིན་ཕིང་གིས་དུས་ཡུན་རིང་པོའི་ནང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་དང་། ཀྲུའུ་ཞི་པ་ཧོ། མཚན་འཛིན་ཀྲུའུ་ཞི་ལུའོ་ཀེ་བཅས་ཀྱིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ལུས་རྩལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ལ་ཀྲུང་གོའི་ལུས་རྩལ་བྱ་གཞག་ཆེད་དུའང་རོགས་རམ་ཧ་ཅང་ཆེན་པོ་གནང་ཡོད་པས་ངས་དེའི་ཐད་བསྔགས་བརྗོད་ཆེན་པོ་བྱེད་རྒྱུ་ཡིན། ཨོ་ལིམ་ཕིག་ལུས་རྩལ་ལ་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་དང་འབྲེལ་དེའི་ནང་ཧུར་ཐག་ཞུགས་ཀྱི་ཡོད།
    པེ་ཅིང་ནི་འཛམ་གླིང་ཐོག་དབྱར་དུས་ཨོ་རྩལ་འགྲན་ཚོགས་གཉེར་མྱོང་ལ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཡང་གཉེར་རྩིས་ཡོད་པའི་གྲོང་ཁྱེར་ཨང་དང་པོ་དེ་རེད། དེ་ནི་ཀྲུང་གོས་ལེགས་སྐྱེས་ཕུལ་བ་ཞིག་རེད། པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་གྲ་སྒྲིག་བྱེད་རྒྱུ་ནི་ཀྲུང་གོའི་སླད་ཕྱིན་ལོ་འགའི་ལས་དོན་གལ་ཆེན་ཞིག་རེད། ང་ཚོས་ལྗང་མདོག་ངང་ཨོ་རྩལ་འགྲན་ཚོགས་གཉེར་བ་དང་། མཉམ་སྤྱོད་ངང་ཨོ་རྩལ་འགྲན་ཚོགས་གཉེར་བ། སྒོ་དབྱེའི་ངང་ཨོ་རྩལ་འགྲན་ཚོགས་གཉེར་བ། སྤྱོད་གཙང་ངང་ཨོ་རྩལ་འགྲན་ཚོགས་གཉེར་བ་བཅས་མཐའ་འཁྱོངས་བྱེད་རྒྱུ་ཡིན། ཀྲུང་གོས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ལུས་རྩལ་ཨུ་ཡོན་ལྷན་ཁང་དང་མཉམ་དུ་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་འདི་ལྟད་མོ་ཆེ་བ་དང་། རྨད་དུ་བྱུང་བ། ཁྱད་དུ་འཕགས་པ་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་གཉེར་འདོད་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
    ཞིས་ཅིན་ཕིང་གིས་ཀྲུང་གོའི་ཨོ་ལིམ་ཕིག་ལུས་རྩལ་དབྱར་མཚོ་རྒྱས་པ་བཞིན་གོང་འཕེལ་འགྲོ་བཞིན་ཡོད་པས། ང་ཚོས་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་གོ་སྐབས་སུ་བཟུང་ནས་རྩལ་འགྲན་ལུས་རྩལ་དེ་བས་ལེགས་པ་དང་། དེ་བས་མགྱོགས་པ། དེ་བས་མཐོ་བ། དེ་བས་སྟོབས་ཆེ་བ་ཤིག་ཏུ་གཉེར་རྒྱུ་དང་དུས་མཚུངས། མང་ཚོགས་ཀྱི་ལུས་རྩལ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་དམངས་ཡོངས་ཀྱི་ལུས་སྦྱོང་ལ་བརྟེན་ནས་དམངས་ཡོངས་ཀྱི་གཟུགས་གཞི་བདེ་ཐང་ཡོང་བ་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་གི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱེད་རྒྱུ་ཡིན། པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལེགས་གྲུབ་ལྡན་པའི་ངང་གཉེར་རྒྱུ་དེས་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་ལ་ཕན་པ་ཡོད་པ་དང་ས་ཁུལ་ཞི་བདེ་དང་བརྟན་ལྷིང་ཡོང་རྒྱུར་ཕན་པ་ཡོད། རྒྱལ་སྤྱིའི་ཨོ་ལིམ་ཕིག་ལུས་རྩལ་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།