མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སུ་འཚམས་འདྲིར་ཕེབས་པ་དང་འབྲེལ་
སྤྱི་ཁྱབ་ལས་འཛིན་པ་ཁྲེན་ཧྥུང་ཕུའུ་ཀྲེན་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་23ཉིན། 12:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

        མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་18ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་རི་ནེ་ཝར་ཡོད་པའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སུ་འཚམས་འདྲིར་ཕེབས་པ་དང་འབྲེལ་སྤྱི་ཁྱབ་ལས་འཛིན་པ་ཁྲེན་ཧྥུང་ཕུའུ་ཀྲེན་དང་མཇལ་འཛོམས་ཀྱང་གནང་བ་རེད།
        ཞིས་ཅིན་ཕིང་གིས་འཕྲོད་བསྟེན་ཁྱབ་ཁོངས་སུ་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་དོན་སྒྲིག་གཞི་ཞིག་ཡིན་པའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་འཕྲོད་བསྟེན་ལས་དོན་ནང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་དང་བྱེད་མུས་ཡིན། ཀྲུང་གོ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དབར་གྱི་མཉམ་ལས་ནི་མིག་དཔེ་ལྟ་བུ་རེད། ཀྲུང་གོའི་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཁྲོད་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྩ་ཆེའི་རོགས་རམ་གནང་ཡོད་ལ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པའི་ནང་ཀྲུང་གོས་ཀྱང་ཧུར་ཐག་ཞུགས་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ“བདེ་ཐང་ལྡན་པའི་དར་གོས་ལམ་བུ”ཐུན་མོང་ཐོག་འཛུགས་སྐྲུན་བྱ་རྒྱུར་ཀྲུང་གོས་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་མཉམ་དུ་2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དོན་འཁྱོལ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་སྐྱོར་སོགས་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཕྱིར་འབད་བརྩོན་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་གནང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན་ལ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཆབ་སྲིད་རྩ་དོན་གལ་ཆེན་དེ་མུ་མཐུད་མཐའ་འཁྱོངས་གནང་རྒྱུའི་ཡིད་ཆེས་ཀྱང་ཡོད་ཅེས་ནན་བཤད་གནང་བ་རེད།
       མཇལ་འཛོམས་གནང་མཇུག་འགྲིལ་རྗེས་ཞིས་ཅིན་ཕིང་དང་ཁྲེན་ཧྥུང་ཕུའུ་ཀྲེན་རྣམ་གཉིས་ཀྱིས་《“རྒྱུད་གཅིག་ལམ་གཅིག”གི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་ལས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བསམ་ཤེས་དྲན་ཐོ་》སོགས་གྲོས་ཆོད་ཡི་གེའི་ཐོག་མིང་རྟགས་བཀོད་པར་བདེན་དཔང་གནང་བ་རེད།