མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་སྐབས་71པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཐང་མོ་སེན་
དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་23ཉིན། 12:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་18ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་རི་ནེ་ཝའི་དབན་གོ་ཕོ་བྲང་དུ་སྐབས་71པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཐང་མོ་སེན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་དང་མཇལ་འཛོམས་གནང་ཞིང་། ཁོང་གིས་ཀྲུང་གོས་སྲ་ཞིང་བརྟན་པའི་སྒོ་ནས་ཕྱོགས་མང་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ་མཉམ་འབྲེལ་རྒྱལ་ཚོགས་རྩ་འཛིན་གྱི་དགོངས་དོན་དང་རྩ་དོན་སྲུང་བ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ནི་ཡོངས་ཁྱབ་རང་བཞིན་དང་། མཚོན་བྱེད་རང་བཞིན། དབང་གྲགས་རང་བཞིན་བཅས་ལྡན་པའི་སྲིད་གཞུང་དབར་གྱི་རྒྱལ་སྤྱིའི་རྩ་འཛུགས་ཡིན་པས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱེད་དགོས། དེང་སྐབས་ཀྱི་དུས་བབ་འོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་པ་ལས་ཉམས་ཞན་དུ་གཏོང་རྒྱུ་མེད། གོ་ལ་ཧྲིལ་པོའི་འཇིགས་སྐུལ་དང་འགྲན་སློང་དུ་མའི་མདུན་དུ་ཕྱོགས་མང་རིང་ལུགས་ཀྱི་འགྲོ་ལམ་ཐོག་བརྟན་པོས་སྐྱོད་དགོས། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་ཐོག་མིང་འགོད་མཁན་རྒྱལ་ཁབ་དང་པོ་དེ་ཡིན་པས། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་གཞག་ལ་མུ་མཐུད་རྒྱབ་སྐྱོར་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲ་ཞིང་བརྟན་པའི་མཉམ་ལས་རོགས་ཟླ་ཞིག་མུ་མཐུད་བྱ་རྒྱུ་ཡིན་ཞེས་གསུངས།
           ཞིས་ཅིན་ཕིང་གིས་དཔལ་འབྱོར་གོ་ལ་ཅན་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་ལྡོག་མེད་གྲུབ་འབྲས་དང་ཕྱི་རོལ་ཡུལ་གྱི་དགོས་མཁོ་ཡིན་ལ། ལོ་རྒྱུས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཀྱང་རེད། དཔལ་འབྱོར་གོ་ལ་ཅན་ལ་དེ་བས་ལེགས་པའི་སྒོ་ནས་འཚམ་པ་དང་། ཁྲིད་སྟོན། དོ་དམ་བཅས་ཡག་པོ་བྱས་ཏེ་དཔལ་འབྱོར་གོ་ལ་ཅན་གྱི་དྲང་ཕྱོགས་ཀྱི་ཕན་འབྲས་སྔར་བས་ཆེ་བ་འདོན་དགོས། གོ་ལ་བཅོས་སྐྱོང་ནི་དཔལ་འབྱོར་གོ་ལ་ཅན་གྱི་ལྡོག་མེད་ཀྱི་བླང་བྱ་རེད། རྒྱལ་ཁབ་ཁག་གི་ཁེ་ཕན་མཉམ་དུ་འདྲེས་པ་དང་ལས་དབང་གཅིག་ཏུ་འདུས་པས། རིམ་བཞིན་བཙན་དབང་ཧམ་རྩོད་ཀྱི་སྲོལ་རྒྱུན་རྙིང་པ་ངེས་པར་དུ་དོར་ནས་ལམ་ལུགས་དང་སྒྲིག་སྲོལ་ལ་བརྟེན་ནས་ཕན་ཚུན་འབྲེལ་གཏུག་དང་ཁེ་ཕན་མཐུན་སྦྱོར་བྱེད་པའི་ལམ་བུ་གསར་པར་སྐྱོད་དགོས། ཀྲུང་གོས་སྔ་ཕྱི་བར་གསུམ་དུ་རྒྱལ་ཁབ་ཁག་ལ་ལྟ་སྟངས་གཅིག་མཚུངས་ཀྱི་འདོད་ཚུལ་བཟུང་ནས། རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་དེ་ཐུན་མོང་འབད་བརྩོན་དང་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་ཀྱི་ཡོད། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་དུ་བསྐྱོད་ནས་རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་ཁག་གཅིག་ཐོབ་པ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་སྟེགས་བརྒྱུད་རྒྱལ་ཁབ་གཞན་དང་མཉམ་སྤྱོད་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།