མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་
མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་
སྣའི་འཐུས་མིའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་23ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་19ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མིས་《སྲིད་གཞུང་གི་ལས་དོན་སྙན་སྒྲོན་(བསམ་འཆར་བསྡུ་ལེན་མ་ཟིན)》ལ་བཏོན་པའི་བསམ་འཆར་དང་གྲོས་འགོ་གསན་པ་རེད།
     ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཨེ་ཤང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་གྲོས་འགོ་བཏོན་གནང་བ་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲང་པའོ་ཝུན་གྱིས་སྲིད་གཞུང་གི་གྲངས་གཞི་སྒོ་དབྱེ་བེད་སྤྱོད་ལ་སྐུལ་འདེད་དང་རིག་གནས“ཕྱིར་སྐྱོད་པར”སྐུལ་འདེད་གཏོང་བའི་སྐོར་ལ་ལྟ་སྟངས་གླེང་གནང་བ། ཀྲུང་གོའི་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་ཁྲང་ཀྲིས་གྲོན་དངུལ་ཉུང་དུ་གཏོང་ཤུགས་ཆེ་རུ་བཏང་ནས་ཁེ་ལས་ཀྱི་མ་གནས་དམའ་རུ་གཏོང་བ་དང་སྨུག་རྡུལ་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཡན་ཅུན་ཆིས་འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་ཡོང་བར་མུ་མཐུད་སྐུལ་མ་གཏོང་བ་དང་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་མི་སྣའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་ཀྲུའུ་ཡིས་གནད་སྨིན་ཇུས་འདོན་བྱས་ཏེ་སྒྱུར་བཅོས་ལ་སྐུལ་མ་གཏོང་བ་དང་། ཞན་ཆ་གསབ་པ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བཅས་ཐད་ལ་གྲོས་འགོ་བཏོན་གནང་བ་རེད།
     ལི་ཁེ་ཆང་གིས་དམངས་གཙོའི་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་སྔ་བར་ཕྱི་གསུམ་དུ་སྲིད་གཞུང་གི་ལས་ཀར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཞིང་། ཁོང་གིས་ལོ་གཅིག་རིང་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་ཐོག་འབད་འཐབ་བྱས་པ་བརྒྱུད། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་གནས་ཚད་ནང་རྒྱུན་འཁྱོངས་ཐུབ་ནས་འཕར་ཚད་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ། དེ་ལས་ལེགས་པ་ཞིག་ནི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་འབོར་ལོ་གོང་མ་ལས་སླར་ཡང་མཐོ་རུ་སོང་ནས་ལོ་བཞི་བསྟུད་མར་མི་ཁྲི་1300ཡན་རྒྱུན་མཐུད་ལས་ཞུགས་ཐུབ་པ། གྲུབ་ཆ་ལེགས་སྒྲིག་རིམ་སྤོར་ལ་རྣམ་པ་བཟང་པོ་ཐོན་པ། སྒུལ་ནུས་གསར་པས་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་གྱི་ནུས་པ་ཐོན་ཚད་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་ཡོད། དེའི་ནང་ལའང་དམངས་གཙོའི་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་བློ་གྲོས་དང་སེམས་ནུས་འདུས་ཡོད། ཁྱེད་ཚོས་རང་རང་གི་ལེགས་ཆ་འདོན་སྤེལ་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་ཀ་དང་དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་ལ་དམིགས་ཏེ་རིན་ཐང་ལྡན་པ་དང་གནད་ལ་འཁེལ་བའི་ཐབས་ཇུས་ཀྱི་དཔྱད་གཞི་དང་སྲིད་ཇུས་ཀྱི་གྲོས་འགོ་མང་པོ་བཏོན་པ་དེ་དག་ཚང་མས་སྲིད་གཞུང་གི་ལས་ཀར་སྐུལ་འདེད་གཏོང་བའི་ཐད་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད་ཅེས་གསུངས་པ་རེད།