མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་2017ལོའི་ཐའེ་དབན་གྱི་ལས་དོན་ཚོགས་འདུར་ཞུགས་པ་དང་འབྲེལ་
གསུང་བཤད་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་23ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། 2017ལོའི་ཐའེ་དབན་གྱི་ལས་དོན་ཚོགས་འདུ་ཚེས་20ཉིན་པེ་ཅིང་དུ་འཚོགས་པ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཡུས་ཀྲེང་ཧྲེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་འདས་ཟིན་པའི་ལོ་གཅིག་རིང་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་བབ་ལ་ཞིབ་འཇུག་དང་བརྡར་ཤ་ཡང་དག་བཅད་པ་དང་ཚན་རིག་དང་མཐུན་པའི་ཐབས་ཇུས་བཀོད་སྒྲིག་བྱས་ཐོག་ངོགས་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་སྟངས་འཛིན་ཡག་པོ་བྱས་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་ཐའེ་དབན་ལས་ཀའི་མཛད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་པ་དང་ཏང་ཀྲུང་དབྱང་གིས་ཀྱང་ཁས་ལེན་གང་ལེགས་བྱས་ཡོད་ཅེས་བསྟན་གནང་བ་རེད།
        ཡུས་ཀྲེང་ཧྲེང་གིས་2017ལོའི་ངོགས་གཉིས་པོའི་འབྲེལ་བ་དང་ཐའེ་དབན་མཚོ་འགག་གི་དུས་བབ་དེ་བས་རྙོག་འཛིང་ཆེ་ལ་ཛ་དྲག་ཆེ་བ་ཞིག་ཡོད། ང་ཚོས་ཏང་ཀྲུང་དབྱང་གིས་ཐའེ་དབན་ལས་ཀའི་མཛད་ཇུས་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་མཚོན་པའི“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མུ་མཐུད་མཐའ་འཁྱོངས་བྱེད་པ། རྣམ་པ་གང་རུང་གི“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ལ་ངོ་རྒོལ་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོང་བྱེད་པ། ངོགས་གཉིས་པོའི་འབྲེལ་བ་ཞི་བའི་འཕེལ་རྒྱས་དང་ཐའེ་དབན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
        ཚོགས་འདུའི་ཐོག་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཐའེ་དབན་ལས་ཀའི་དགོངས་དོན་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལྟར་ཐའེ་དབན་ལས་དོན་ཁག་ཏན་ཏིག་ཡག་པོ་སྒྲུབ་དགོས། ངོགས་གཉིས་པོ་ཀྲུང་གོ་གཅིག་གི་ཁོངས་སུ་གཏོགས་པར་མོས་མཐུན་བྱེད་པའི་ཐའེ་དབན་གྱི་སྲིད་ཏང་དང་ཚོགས་པ། རྩ་འཛུགས་བཅས་ཚང་མར་མཐུན་སྒྲིལ་བྱས་ཏེ་ངོགས་གཉིས་པོའི་སྤུན་ཟླ་དང་མཉམ་དུ“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”གྱི་ཆབ་སྲིད་རྨང་གཞིར་སྲུང་སྐྱོང་བྱེད་པ་དང་། ངོགས་གཉིས་པོའི་དམངས་ཁྲོད་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། ངོགས་གཉིས་པོའི་དཔལ་འབྱོར་དང་སྤྱི་ཚོགས་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། ངོགས་གཉིས་པོའི་གཞི་རིམ་དམངས་ཚོགས་དང་གཞོན་ནུ་ཞུགས་ཚད་དང་ཕན་པ་ཐོབ་རྒྱ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྤུན་ཟླ་ཐའེ་དབན་བ་སྐམ་ས་ཆེ་མོར་སློབ་སྦྱོང་དང་། ལས་ཞུགས། ལས་གཏོད། འཚོ་བ་སྐྱེལ་བ་བཅས་བྱེད་པའི་ཐད་སྟབས་བདེ་སྐྲུན་པའི་སྲིད་ཇུས་དང་བྱེད་ཐབས་ཞིབ་འཇུག་བྱས་ཏེ་བཟོ་བ་དང་ཐའེ་དབན་གྱི་ཚོང་པ་དང་ཐའེ་དབན་གྱི་ཁེ་ལས་སྐམ་ས་ཆེ་མོར་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་ཁྲིམས་ལྟར་སྤུན་ཟླ་ཐའེ་དབན་བའི་ཁེ་དབང་སྲུང་སྐྱོང་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།
         ཚོགས་འདུའི་ཐོག་ཐའེ་དབན་ལས་དོན་ཁོངས་གཏོགས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཚད་གཞི་མཐོ་བའི་སྒོ་ནས་རང་གཅུན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ལ་ལྷག་བསམ་རྣམ་དག་དང་། ལས་སྒོ་བྱང་ཆུབ་པ། སྒྲིག་ཁྲིམས་དམ་ཞིང་དྲང་བ་བཅས་ཀྱི་བྱང་ཚད་མཐོ་བའི་ཐའེ་དབན་ལས་དོན་གྱི་ལས་བྱེད་པའི་དཔུང་ཁག་གཏོད་དགོས་པའི་ནན་བཤད་བྱས་པ་རེད།