མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་བརྒྱད་
པ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་24ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་22ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད། མཉམ་སྡེབ་སློབ་སྦྱོང་ཐེངས་སོ་བརྒྱད་པ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཉམ་སྡེབ་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་རྒྱུན་རྣམ་གསར་པར་བསྐྱོད་པའི་ལྡོག་མེད་ཀྱི་གདམ་ག་ཞིག་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་འོག་རང་རྒྱལ་གྱི་སྤྱི་ཁོག་དཔལ་འབྱོར་དོ་དམ་ཐད་ངེས་པར་དུ་གཏན་འཁེལ་བྱེད་དགོས་པའི་འཐབ་ཇུས་ཀྱི་བསམ་ཕྱོགས་ཤིག་རེད། ངེས་པར་དུ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ་དེ་གཙོ་རྒོལ་ཁ་ཕྱོགས་སུ་བརྩིས་ཏེ་ཐོན་སྐྱེད་ནས་འགོ་བརྩམས་ཏེ་མཁོ་སྤྲོད་མ་ལག་གི་སྤུས་ཚད་དང་ལས་ཕྱོད་མཐོ་རུ་གཏོང་བ་དང་། ནུས་ལྡན་དང་འབྲིང་རབ་ཀྱི་མཁོ་སྤྲོད་རྒྱ་ཆེར་གཏོང་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆས་དགོས་མཁོའི་འགྱུར་ལྡོག་དང་འཚམ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རང་རྒྱལ་གྱི་དཔལ་འབྱོར་དེ་བས་སྤུས་ཚད་མཐོ་བ་དང་། དེ་བས་ནུས་པ་ལྡན་པ། དེ་བས་དྲང་བཞག དེ་བས་རྒྱུན་མཐུད་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
        རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཁྲེན་ཏུང་ཆིས་གནད་དོན་དེར་འགྲེལ་བཤད་བརྒྱབ་པ་དང་འབྲེལ་བསམ་འཆར་དང་གྲོས་འགོ་ཡང་བཏོན་པ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འགྲེལ་བཤད་ནན་ཏན་ངང་གསན་པ་དང་སྦྲགས་འབྲེལ་ཡོད་གནད་དོན་ལ་གྲོས་བསྡུར་ཡང་གནང་བ་རེད།
        ཞིས་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གཏམ་བཤད་ཀྱང་གནང་ཞིང་། ཁོང་གིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དེ་ནི་དེང་སྐབས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་ངེས་པར་དུ་དམ་འཛིན་ཡག་པོ་བྱེད་དགོས་པའི་དོན་ཆེན་ཞིག་རེད། འདི་ལོ་ནི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལོ་ཞིག་ཡིན་པས། ལོ་གསར་པ་ཤར་མ་ཐག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དོན་དེར་དམིགས་ཏེ་མཉམ་སྡེབ་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་ཐོབ་པའི་ཕན་འབྲས་ལ་དབྱེ་ཞིབ་བྱ་རྒྱུ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་འཕྲད་པའི་གཙོ་གནད་དང་དཀའ་གནད་གཙང་སེལ་བྱ་རྒྱུ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་ཞིབ་ཕྲའི་བྱ་ཐབས་ལ་ཞིབ་འཇུག་བྱ་རྒྱུ་དེ་ཡིན་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཕྱོགས་བསྡུས་དབྱེ་ཞིབ་གནང་སྐབས་མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་རྒྱུ་རྐྱེན་ཐད་དུས་འཁོར་རང་བཞིན་དང་བསྡོམས་འབོར་རང་བཞིན་གྱི་རྒྱུ་རྐྱེན་ཡོད་ཀྱང་། གཙོ་བོ་ནི་གྲུབ་ཆའི་རང་བཞིན་གྱི་རྒྱུ་རྐྱེན་དེ་ཡིན། གྲུབ་ཆའི་རང་བཞིན་གྱི་གནད་དོན་ཐད་མཁོ་སྤྲོད་དང་དགོས་མཁོ་གཉིས་ཀྱི་གནད་དོན་ཡོད་མོད། འོན་ཀྱང་འགལ་ཟླའི་ཕྱོགས་གཙོ་བོ་དེ་མཁོ་སྤྲོད་ཕྱོགས་སུ་ཡོད། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ནི་སྤྱི་ཡོངས་དང་ཕུགས་དང་འབྲེལ་བའི་འགག་སྒྲོལ་གྱི་དམག་འཐབ་ཅིག་རེད། ང་ཚོས་ད་ཡོད་ཀྱི་ལས་དོན་དང་ཕན་འབྲས་ཀྱི་རྨང་གཞིའི་སྟེང་དམིགས་ཡུལ་དང་། ལས་འགན། བྱེད་ཐབས། སྲིད་ཇུས། ཐབས་ལམ་སོགས་ཀྱི་ཐད་ནས་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོབ་པ་བྱེད་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་འབྲེལ་བ་གལ་ཆེན་ཁ་ཤས་ཐག་གཅོད་ཡག་པོ་བྱེད་དགོས་པ་སྟེ། གཅིག་ནས་སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་། གཉིས་ནས་དུས་ཐུང་དང་ཡུན་རིང་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་པ། གསུམ་ནས་འཕྲི་ཐབས་དང་སྣོན་ཐབས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་པ། བཞི་ནས་མཁོ་སྤྲོད་དང་དགོས་མཁོའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།