མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་ཚན་རིག་དང་མཐུན་པའི་ངང་འཆར་འགོད་དང་ལེགས་བསྡུས་ཞིབ་གཉེར་
ངང་ཐོན་ཁུངས་བེད་སྤྱོད་བྱས་ཏེ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་
སྤུས་ཚད་མཐོ་པོའི་སྒོ་ནས་ལེགས་པར་སྒྲུབ་དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་25ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཚན་རིག་དང་མཐུན་པའི་ངང་འཆར་འགོད་དང་ལེགས་བསྡུས་ཞིབ་གཉེར་
ངང་ཐོན་ཁུངས་བེད་སྤྱོད་བྱས་ཏེ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་
སྤུས་ཚད་མཐོ་པོའི་སྒོ་ནས་ལེགས་པར་སྒྲུབ་དགོས་ཞེས་ནན་བཤད་གནང་བ།

           མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་23ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་ཧོ་པེ་ཞིང་ཆེན་ཀྲང་ཅ་ཁའུ་གྲོང་ཁྱེར་དུ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ལ་གཟིགས་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་2022ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་སྤེལ་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་ཡིན། འབྲེལ་ཡོད་ས་གནས་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ངོ་མཚར་ཆེ་བ་དང་། ཐུན་མོང་མ་ཡིན་པ། ཕུལ་དུ་བྱུང་བ་བཅས་ཀྱི་ཨོ་རྩལ་རྒྱས་འཛོམས་ཤིག་གཉེར་རྒྱུར་དམིགས་ཏེ་ཚན་རིག་དང་མཐུན་པའི་ངང་འཆར་འགོད་དང་ལེགས་བསྡུས་ཞིབ་གཉེར་ངང་ཐོན་ཁུངས་བེད་སྤྱོད་བྱས་ཏེ་འཕེལ་རིམ་གཞིར་བཟུང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་དང་ལས་འགན་ཁག་སྤུས་ཚད་མཐོ་པོའི་སྒོ་ནས་ལེགས་པར་སྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད།
         ཁྲུང་ལི་ཆུས་སུ་ཡོད་པའི་ཀྲང་ཅ་ཁའུ་འགྲན་ཁུལ་ལ“ཧྭ་བྱང་ས་ཁུལ་གྱི་ཡིད་ལ་བབ་ཤོས་ཀྱི་རང་བྱུང་གངས་ཤུད་གློད་ཁུལ”ཞེས་བརྗོད་སྲོལ་ཡོད། པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་གངས་འཁྱགས་རྣམ་གྲངས་ཀྱི་འགྲན་ཁུལ་གཙོ་བོ་དེ་གར་བཀོད་སྒྲིག་བྱས་ཡོད། ཞིས་ཅིན་ཕིང་གིས་ཁྲུང་ལི་ཆུས་ཀྱི་ས་ཁམས་ཆགས་ཚུལ་དང་། རང་བྱུང་གནམ་གཤིས། ལོ་རྒྱུས་རིག་གནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་རྗེས་ས་རིས་གཞོང་པར་གཟིགས་ཏེ་འགྲན་ཁུལ་གྱི་ནུས་པ་གཙོ་བོ་བཀོད་སྒྲིག་བྱ་ཚུལ་མཁྱེན་རྟོགས་གནང་བ་དང་། འགྲན་ཁུལ་འཆར་འགོད་བརྙན་ལམ་པར་གཞི་ཐུང་གྲས་ལ་གཟིགས་པ་མ་ཟད། ད་དུང་ཁང་ཕྱིའི་ཁྱམས་སྟེགས་སུ་ཕེབས་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འབྲེལ་ཡོད་འགྲན་ར་འཆར་འགོད་ས་ཆ་ལའང་རྒྱང་ལྟ་གནང་བ་རེད། ཁོང་གིས་འགྲན་ཁུལ་གྱི་གྲ་སྒྲིག་ལས་དོན་ཁག་ལ་འཆར་གཞི་གཞིར་བཟུང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བར་ཁས་ལེན་གནང་བ་དང་སྦྲགས་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་སྣ་མང་རྙོག་འཛིང་ཆེན་པོ་ཡོད། དེས་ན་དང་ཐོག་ཚན་རིག་དང་མཐུན་ཞིང་སྔོན་ཐོན་གྱི་བསམ་གཞི་གཞིར་བཟུང་འཆར་གཞི་ཡག་པོ་འགོད་དགོས། འཆར་གཞི་དེར་སྤྱིའི་འཆར་གཞི་དགོས་ལ་ཆེད་དོན་འཆར་གཞི་དང་ཁུལ་དབྱེའི་འཆར་གཞི་ཡང་ཡོད་དགོས། ལས་དོན་འཆར་གཞི་དགོས་ལ་ཁང་ཐང་དང་སྒྲིག་བཀོད་འཛུགས་སྐྲུན་གྱི་འཆར་གཞི་ཡང་ཡོད་དགོས། དུས་ཚོད་དང་བར་ཁམས་བཀོད་སྒྲིག་དང་། ནུས་རྒྱུ་དང་གནད་ཆེའི་རྒྱུ་རྐྱེན་སྡེབ་སྒྲིག དམིགས་ཚད་དང་འགན་འཁྲི་ཆ་གསེས་བཅས་བྱེད་པར་བརྒྱུད་རིམ་ལྡན་པའི་བསམ་གཞི་ཞིག་དགོས་ལ་ཆེད་ལས་ཀྱི་བྱང་ཚད་ཅིག་ཀྱང་ཡོད་དགོས་ཞེས་ནན་བཤད་གནང་བ་རེད།
        ཞིས་ཅིན་ཕིང་གིས་ཀྲང་ཅ་ཁའུ་ཡི་འགྲན་ཁུལ་འཆར་འགོད་དེ་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲ་སྒྲིག་ལས་དོན་འཆར་འགོད་དང་པེ་ཅིང་གྲོང་ཁྱེར་གྱི་གྲ་སྒྲིག་ལས་དོན་འཆར་འགོད་དང་འབྲེལ་མཐུད་དམ་ཟབ་བྱས་ཏེ་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་བྱ་བ་དང་རྟ་སྒ་ཆ་སྒྲིག་ཞབས་ཞུའི་ནུས་པ་ཁག་གི་དགོས་མཁོ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། བསམ་བློ་ཞིབ་ཅིང་ཕྲ་བ་བཏང་སྟེ་ད་ལྟའི་ལས་དོན་ལ་དབྱེ་ཞིབ་དང་ཞིབ་བཤེར་གྱིས་འཐུས་སྒོ་ཚང་དུ་གཏོང་དགོས་རིགས་འཐུས་སྒོ་ཚང་དུ་བཏང་ནས་འཆར་གཞིའི་ཕྱོགས་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་དགོས། འཆར་གཞི་ཁག་ཚང་མ་ནས་གྲོན་ཆུང་དང་ལེགས་བསྡུས་ཞིབ་བཤེར་ངང་ཐོན་ཁུངས་བེད་སྤྱོད་བྱེད་དགོས་པ་དང་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་ཤོས་ཐོན་པ་བྱེད་དགོས་པའི་རྩ་དོན་མངོན་པར་བྱེད་དགོས་པ་ལས་ཆེ་རྔམ་ཀུན་གཉེར་བྱེད་མི་རུང་བ་དང་གཞི་ཁྱོན་གང་བྱུང་དུ་ཆེ་རུ་གཏོང་མི་རུང་ཞེས་བསྟན་གནང་བ་རེད།
         ཞིས་ཅིན་ཕིང་གིས་པེ་ཅིང་ཨོ་རྩལ་འགྲན་ཚོགས་འཛུགས་སྐྲུན་ལས་གྲྭ་ཚང་མ་ལྗང་མདོག་ཨོ་རྩལ་འགྲན་ཚོགས་ཤིག་ཏུ་གཉེར་དགོས་པ་དང་། མཉམ་སྤྱོད་ཀྱི་ཨོ་རྩལ་འགྲན་ཚོགས་ཤིག་ཏུ་གཉེར་དགོས་པ། སྒོ་དབྱེའི་ཨོ་རྩལ་འགྲན་ཚོགས་ཤིག་ཏུ་གཉེར་དགོས་པ། སྤྱོད་གཙང་གི་ཨོ་རྩལ་འགྲན་ཚོགས་ཤིག་ཏུ་གཉེར་དགོས་པ་བཅས་ཀྱི་བླང་བྱ་གཞིར་བཟུང་ལོ་བརྒྱའི་ཇུས་ཆེན་མཐའ་འཁྱོངས་བྱེད་པ་དང་། ཇུས་འགོད་དང་ཨར་ལས་ཞིབ་ཚགས་བྱེད་པ། འཆར་འགོད་དང་འཆར་གཞི་ལྟར་སྐུལ་འདེད་གཏོང་བ། དལ་དལ་ལྷོད་ལྷོད་དང་སྤུས་འབོར་འགན་ལེན་ཐུབ་པ་བྱེད་པ་བཅས་ཀྱི་ཐོག་ནས་སྤུས་ལེགས་དང་། སྣོད་བཅུད། མི་ཆོས། སྤྱོད་གཙང་བཅས་ཀྱི་རྩེར་སོན་ལས་གྲྭ་ཞིག་ཏུ་འགྱུར་བ་བྱེད་དགོས། འགྲན་བསྡུར་སྒྲིག་བཀོད་འཛུགས་སྐྲུན་དེ་ངེས་པར་དུ་ཆེད་ལས་ཅན་ཞིག་ཡོང་བ་བྱེད་པ་དང་། རྟ་སྒ་ཆ་སྒྲིག་གི་འཛུགས་སྐྲུན་དེ་རང་ཉིད་ཀྱི་ཁྱད་ཆོས་ལྡན་པ་ཞིག་ཡོང་བ་བྱེད་པ། ཀྲུང་གོའི་ཁྱད་ཆོས་དང་ས་གནས་ཀྱི་ཁྱད་ཆོས་མཚོན་པར་བྱེད་པ། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ཚད་གཞི་དོན་འཁྱོལ་ནན་པོ་བྱེད་པ། སྣོད་བཅུད་ཁོར་ཡུག་དང་རིག་དངོས་གནའ་ཤུལ་ལ་སྲུང་སྐྱོབ་བྱེད་པ་བཅས་བྱས་ནས་དེང་རབས་ཀྱི་འཛུགས་སྐུན་དངོས་རིགས་དང་རང་བྱུང་རི་ཆུ་དང་ལོ་རྒྱུས་རིག་གནས་གཉིས་དབར་བཀྲག་མདངས་ཕན་ཚུན་འཚེར་བར་བྱེད་དགོས་ལ་རྒྱུན་འཛིན་བྱེད་འོས་པ་དང་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྤུས་ལེགས་མ་རྩ་ཞིག་དང་གྲོང་ཁྱེར་གྱི་མིང་བྱང་གསར་པ་ཞིག་ཏུ་འགྱུར་བའང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཧོ་པེ་ཞིང་ཆེན་དང་ཀྲང་ཅ་ཁའུ་གྲོང་ཁྱེར་ལ་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་གཞི་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཐུན་མོང་ཐོག་འཕེལ་རྒྱས་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བཅས་བྱས་ཏེ་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་སྤེལ་བ་བརྒྱུད་ཕྱོགས་ཁག་གི་འཛུགས་སྐྲུན་ལ་སྐུལ་ཁྲིད་ཀྱིས་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲ་སྒྲིག་དང་ས་གནས་དེ་གའི་འཕེལ་རྒྱས་ཀྱི་ཕུལ་བྱུང་རྒྱུགས་ཤོག་གཉིས་འབུལ་རྒྱུར་གཞོལ་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གནས་སྐབས་འགྲེམས་སྟོན་ཁང་ནས་ཞལ་གྱེས་ཏེ་རླངས་འཁོར་ནང་བཞུགས་ནས་ཡུན་ཏིང་གངས་ཤུད་གློད་སར་རྟོག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་ཐོག་མར་གངས་ཤུད་གློད་ཆས་ཚོམས་ཁང་དུ་ཕེབས་ཏེ་རྨོག་དང་། གངས་ཞྭ། གངས་ཤེལ། གངས་ཆས། གངས་ལྷམ་སོགས་གངས་ཤུད་གློད་ཆས་སྣ་ཚོགས་ཀྱི་སྤྱོད་སྟངས་ཤེས་རྟོགས་གནང་བ་དང་། ཚོམས་ཆེན་ནང་གི་ཡུལ་སྐོར་བ་དང་གངས་ཤུད་གློད་རྒྱུར་དགའ་ཞེན་ཡོད་མཁན་ཚོས་བརྩེ་བ་ཟབ་མོའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅིར་ཁམས་བདེ་ཞུས་ལ་ལོ་གསར་གྱི་འཚམས་འདྲི་ཡང་ཞུས་པ་དང་། ཞིས་ཅིན་ཕིང་གིས་ཀྱངའཚམས་ལན་ཡང་ཡང་གནང་སྟེ་ཁོང་ཚོར་དཔྱིད་གསར་དུས་ཆེན་སྤྲོ་པོ་དང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུས་གནང་བ་རེད།
        དེ་རྗེས་ཞིས་ཅིན་ཕིང་གངས་ཤུད་གློད་སའི་སྦྱོར་བརྡར་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་ཏེ་འགྲན་བསྡུར་བྱ་ཡུལ་གྱི་འཆར་འགོད་དང་གསར་སྐྲུན་གྱི་གནས་ཚུལ་ངོ་སྤྲོད་ཞུས་པ་གསན་རྗེས་གངས་ཤུད་ལུས་རྩལ་གྱི་རྣམ་གྲངས་བཀོད་སྒྲིག་དང་། གངས་ཤུད་གློད་རའི་བླང་བྱ། ལག་རྩལ་གྱི་རྩ་གནད། འགྲན་བསྡུར་གྱི་སྒྲིག་སྲོལ་བཅས་ཤེས་རྟོགས་གནང་བ་རེད། ཞིས་ཅིན་ཕིང་གིས་གངས་ཤུད་གློད་ས་དེ་གཙོ་བོ་མ་ལེ་ཞི་ཡའི་ཡུན་ཏིང་ཚོགས་པས་མ་དངུལ་བཏང་སྟེ་སྐྲུན་པ་དང་། འགྲན་བསྡུར་འཁོར་སྐྱོད་ཀྱི་ཉམས་མྱོང་ངེས་ཅན་ཞིག་ལྡན་པ། པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲུབ་འབྲས་ཐོན་པའི་ངང་གཉེར་རེ་ཞུས་པར་ལེགས་སྐྱེས་ཕུལ་མྱོང་བ་བཅས་མཁྱེན་སྐབས་ཁོང་གིས་ཕྱི་རྒྱལ་གྱི་ཚོང་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་མ་འཇོག་བྱེད་མཁན་སུ་ཞིག་ཡིན་རུང་བྱེད་སྒོ་སྤེལ་ས་འཛུགས་སྐྲུན་གྱི་ཚད་གཞི་ཚང་མ་གཅིག་མཚུངས་ཡིན་ལ་དོ་དམ་དཔྱད་ཞིབ་ཀྱང་གཅིག་མཚུངས་ཡིན་ཞེས་གསུངས་པ་རེད། ཞིས་ཅིན་ཕིང་གིས་ཡུན་ཏིང་ཚོགས་པས་འཆར་འགོད་དོན་འཁྱོལ་ནན་ཏན་བྱས་ཏེ་གངས་ལམ་འཛུགས་སྐྲུན་དང་འབྲེལ་ཡོད་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་པོ་ཡོང་བའི་འགན་ལེན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།