མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་ཞིས་ཅིན་ཕིང་ཧོ་པེའི་ཀྲང་ཅ་ཁའུ་རུ་ཕེབས་ནས་གཞི་རིམ་
གྱི་ལས་བྱེད་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་26ཉིན། 09:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་ཞིས་ཅིན་ཕིང་ཧོ་པེའི་ཀྲང་ཅ་ཁའུ་རུ་ཕེབས་ནས་གཞི་རིམ་
གྱི་ལས་བྱེད་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ།

          མི་དམངས་དྲ་བའི་འཕྲིན། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་་ཆེན་དཔྱིད་གསར་དུས་ཆེན་འཆར་ཉེའི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་ཧོ་པེ་ཞིང་ཆེན་ཀྲང་ཅ་ཁའུ་གྲོང་ཁྱེར་དུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་དང་འབྲེལ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་དང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲབས་གཉེར་ལས་དོན་ལ་རྟོག་ཞིབ་གནང་བ་མ་ཟད། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དཔྱིད་གསར་གྱི་སྨོན་འདུན་བཟང་པོ་ཞུས་ཏེ་རླབས་ཆེན་མེས་རྒྱལ་དེ་བས་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་མི་རིགས་ཁག་གི་མི་དམངས་དེ་བས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད།
         ཚེས་24ཉིན་ཞིས་ཅིན་ཕིང་ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ཁེ་ཀྲེ་དང་ཧྲེང་ཀྲང་ཀྲང་ཆིང་ཝུའེ་ཡི་ཕེབས་རོགས་འོག་ཀྲང་ཅ་ཁའུ་གྲོང་ཁྱེར་ཀྲང་པེ་རྫོང་དུ་ཕེབས་ནས་གྲོང་གསེབ་ཀྱི་ལས་དོན་ལ་རྟོག་ཞིབ་བརྟག་དཔྱད་གནང་བ་མ་ཟད། གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་མཉམ་དུ་དབུལ་སྐྱོར་དང་དབུལ་སྒྲོལ་སྐོར་གླེང་ཐོག་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དཀའ་ངལ་ཡོད་པའི་མང་ཚོགས་ཚོས་ཚོར་ཐུབ་པ་བྱས་པ་རེད།
         སྔ་དྲོ་ཞིས་ཅིན་ཕིང་རླངས་འཁོར་ནང་ཆུ་ཚོད་གཅིག་ལྷག་ཙམ་བཞུགས་ཏེ་ཀྲང་པེ་རྫོང་དུ་འབྱོར་བ་དང་གངས་ལམ་བརྒྱུད་ཞའོ་ཨེར་ཐའེ་གྲོང་རྡལ་ཏེ་ཧྲེང་གྲོང་ཚོར་ཕེབས། གྲོང་ཚོ་དེ་ནི་གྲོང་ཚོ་དབུལ་པོ་ཞིག་ཡིན་པ་དང་གྲོང་ཚོ་དེར་དུད་ཚང་413ཡོད་པའི་ནང་ནས་དུད་ཚང་212ནི་ཡིག་ཚགས་གཱ་བཟོས་པའི་དུད་ཚང་དབུལ་པོ་རེད། ལོ་གཉིས་ཙམ་རིང་། གྲོང་ཚོ་དེས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཞིང་ལས་ཐོན་ལས་ཅན་འཕེལ་རྒྱས་བཏང་བའི་ཁར། འོད་ཤུགས་རྣམ་གྲངས་གསར་འཛུགས་གཅིག་སྡུད་རྣམ་པའི་གྲོང་གསེབ་ཀྱི་གློག་དྲ་དང་འོད་ཤུགས་ཕན་ཚུན་གསབ་རེས་དབུལ་སྐྱོར་གློག་ཁང་བཙུགས་ཡོད། ཆན་ཝ་400གི་གྲོང་ཚོ་རིམ་པའི་གློག་ཁང་གི་འགྲམ་དུ་ཞིས་ཅིན་ཕིང་གིས་གློག་ཁང་གི་འཕྲུལ་ཆས་སྒྲིག་སྦྱོར་དང་གློག་གཏོང་གནས་ཚུལ་གཟིགས་པ་དང་། གློག་ཁང་གིས་ཞིང་ཕན་དབུལ་སྐྱོར་ཐད་ནུས་པ་ཇི་འདྲ་འདོན་མིན་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། གློག་ཁང་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་དྲ་སྦྲེལ་གློག་གཏོང་གི་ཡོང་འབབ་ཁྲོད་ནས་དུད་ཚང་དབུལ་པོར་ལོ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་3000རག་གི་ཡོད་པ་མཁྱེན་སྐབས། ཞིས་ཅིན་ཕིང་ཐུགས་མགུ་པོ་བྱུང་ནས་ལག་བསྟར་ཆོག་པའི་བྱ་བ་དེ་མུ་མཐུད་དམ་འཛིན་ཡག་པོ་བྱ་རྒྱུའི་རེ་བ་བཏོན་པ་རེད།
        འོད་ཤུགས་གློག་ཁང་ནས་ཞལ་གྱེས་ཏེ་ཞིས་ཅིན་ཕིང་དཀའ་ངལ་ཡོད་པའི་མང་ཚོགས་ཞུས་དབན་དང་། ཞུས་ཞུའེ་ཧའེ། ཞུས་ཧའེ་ཁྲེང་བཅས་ཀྱི་ཁྱིམ་དུ་ཕེབས། ཁོང་གིས་སྡོད་ཁང་དང་། འཚོ་བའི་མཁོ་ཆས། ལོ་གསར་གྱི་མཁོ་ཆས་གྲ་སྒྲིག་གང་འདྲ་བྱུང་མིན་བཅས་ལ་གཟིགས་པ་དང་འབྲེལ་ཡོང་འབབ་དང་འགྲོ་སོང་གི་གནས་ཚུལ་བཀའ་འདྲི་གནང་བའི་ཁར་དབུལ་སྐྱོར་ལག་དེབ་ལ་གཟིགས་ནས་དབུལ་སྐྱོར་བྱེད་ཐབས་དོན་འཁྱོལ་གང་འདྲ་བྱུང་མིན་དང་ཁྱིམ་ཚང་ལ་ད་དུང་དཀའ་ངལ་གང་ཡོད་མེད་བཀའ་འདྲི་གནང་བ་རེད།
        ཞུས་ཧའེ་ཁྲེང་གིས་སྤྱི་ཁྱབ་ཧྲུའུ་ཅིར་ཁྱིམ་དུ་ནང་མི་བཞི་ཡོད་པ་དང་2016ལོར་མངར་ཚལ་དང་། ཞོག་ཁོག ཡུ་གུ་དཀར་པོ་བཅས་ཀྱི་ཡོང་འབབ་ཐོག་ཞིང་ལས་ཀྱི་རྒྱབ་སྐྱོར་སྲུང་སྐྱོང་ཁ་གསབ་དངུལ་དང་ཞོར་ལས་ཀྱི་ཡོང་འབབ་བསྡོམས་ན་སྒོར་ཁྲི་4.3ལྷག་ཙམ་ཡོད། བཟའ་ཟླའི་སྨན་རིན་དང་བུ་མོའི་སློབ་ཆེན་གྱི་སློབ་ཡོན་ལ་སྒོར་ཁྲི་3.5གཏོང་དགོས་པའི་ཐོག་འཚོ་བའི་འགྲོ་སོང་འཐེན་ན་དངུལ་ཏོག་ཙམ་ལས་ལྷག་གི་མི་འདུག་ཅེས་བརྗོད། ཞིས་ཅིན་ཕིང་གིས་ཏང་དང་སྲིད་གཞུང་གིས་ཁྱེད་དང་འདྲ་བའི་ཁྱིམ་ཚང་ལ་མུ་མཐུད་རོགས་པ་བྱས་ཏེ་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་ཐུབ་ཀྱི་རེད་ཅེས་སེམས་གསོ་གནང་བ་རེད།
        ཞུས་ཧའེ་ཁྲེང་གི་ཁྱིམ་དུ་ཞིས་ཅིན་ཕིང་གིས་གྲོང་ཚོའི་ལས་བྱེད་པ་དང་གྲོང་མིའི་འཐུས་མི་དང་བཞུགས་མོལ་གནང་ཞིང་། གྲོང་ཚོའི་ལས་བྱེད་པས་གྲོང་ཚོ་དེའི་ཏེ་ཧྲེང་གི་སྤུས་རྟགས་ཞོག་ཁོག་གི་སོན་དང་མཛེས་སྡུག་ལྡན་པའི་གྲོང་ཚོ་བསྐྲུན་རྒྱུའི་ས་བཀྲ་སྤྱི་ཁྱབ་ཧྲུའུ་ཅིར་སྤྱན་བསྟར་ཞུ་སྐབས། ཞིས་ཅིན་ཕིང་གིས་ཁོང་ཚོའི་བསམ་ཕྱོགས་དང་བྱེད་ཐབས་ལ་གདེང་འཇོག་གནང་བ་རེད། གྲོང་ཚོའི་དབུལ་སྒྲོལ་ལས་དོན་གྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་རྗེས། ཞིས་ཅིན་ཕིང་གིས་དབུལ་པོ་མེད་པ་བཟོ་རྒྱུ་དང་། དམངས་འཚོ་ལེགས་གཏོང་། ཐུན་མོང་ཕྱུག་འགྱུར་ཡོང་བ་བཅས་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་ལ། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་འབད་འཐབ་བྱེད་པའི་དམིགས་ཡུལ་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་རྒྱུ་དེ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་མཐའ་ཚད་ཀྱི་ལས་འགན་ཞིག་རེད། ལས་དོན་དེ་ཡག་པོ་བསྒྲུབ་དགོས་ན། ཕན་མེད་ཆོ་མེད་ཀྱི་ལས་ཀ་ཚང་མ་དམ་འཛིན་མི་བྱེད་པར“གནད་སྨིན”གྱི་བྱེད་ཐབས་གཏན་འཁེལ་བྱས་ནས་དབུལ་སྐྱོར་གྱི་ཁ་གཏད་གནད་སྨིན་ཡོང་བ་དང་། དབུལ་སྐྱོར་ཐོན་ལས་གནད་སྨིན་ཡོང་བ། དབུལ་སྐྱོར་བྱེད་ཐབས་གནད་སྨིན་ཡོང་བ། དབུལ་སྐྱོར་ཕན་འབྲས་གནད་སྨིན་ཐུབ་པ་བཅས་བྱེད་དགོས། ཡུལ་བབ་དང་བསྟུན་ནས་གནད་སྨིན་དབུལ་སྒྲོལ་གྱི་ཕན་ཡོད་ལམ་བུ་འཚོལ་ཞིབ་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ལ་རྒྱུན་མཐུད་འཕེལ་རྒྱས་ཐུབ་པའི་ཐོན་ལས་མང་ཙམ་སྐྱེད་སྲིང་བྱེད་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་རྒྱུན་མཐུད་དབུལ་སྒྲོལ་ཐུབ་པའི་ལམ་སྲོལ་མང་ཙམ་སྐྱེད་སྲིང་བྱེད་པ། མང་ཚོགས་དབུལ་པོ་ལ་རྒྱུན་མཐུད་ཕྱུག་འགྱུར་ཐུབ་པའི་སྒུལ་ཤུགས་མང་ཙམ་སྐྱེད་སྲིང་བཅས་བྱེད་དགོས། དབུལ་སྐྱོར་གསར་སྤེལ་དང་། དེང་རབས་ཞིང་ལས་འཕེལ་རྒྱས། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བཅས་དང་ཟུང་འབྲེལ་བྱས་ཏེ་ཞིང་པ་ཕྱུག་པོ་དང་། ཞིང་ལས་སྟོབས་ཆེན། གྲོང་གསེབ་མཛེས་སྡུག་ལྡན་པ་བཅས་ཡོང་བ་བྱེད་དགོས། གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་ཀྲི་པུའི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཞིང་པ་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱེད་མཁན་གྱི་རྐང་འཛིན་པར་འགྱུར་བ་བྱེད་པ་དང་གྲོང་མི་ཚོའི་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད།
        གྲོང་ཚོ་ནས་ཞལ་གྱེས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པའི་སྐོར་ཐོས་པས་གྲོང་མི་ཚོ་སྤྱི་ཁྱབ་ཧྲུའུ་ཅིའི་འགྲམ་དུ་ཡོང་ནས་དགའ་བསུ་ཞུས་པ་མ་ཟད། འབྲུག་བྲོ་དང་ཞབས་བྲོ་དབྱང་ཀོ་འཁྲབ་ནས་དགའ་སྤྲོའི་བསམ་པ་མཚོན་པར་བྱས་པ་རེད། ཞིས་ཅིན་ཕིང་གིས་གྲོང་མི་ཚོར་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་གྲོང་མི་ཚོའི་འཚོ་བ་ཇི་ཙམ་སྐྱེལ་བ་དེ་ཙམ་བདེ་སྐྱིད་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲང་ཅ་ཁའུ་གྲོང་ཁྱེར་ཁྲ་པེ་དོ་དམ་ཁུལ་དུ་ཡོད་པའི་ཆི་ཀྲེ་ཕྲུ་གུའི་འོ་བཟོས་ཐོན་རྫས་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་ཞིང་། ཁོང་གིས་ཐོན་རྫས་འགྲེམས་སྟོན་ལ་གཟིགས་པ་དང་། རང་འགུལ་ཅན་གྱི་ཐོན་སྐྱེད་བསྒྲུབ་རིམ་དང་། ལྟེ་བའི་ཚོད་འཛིན་ཁང་། ཐུམ་སྒྲིལ་ཐོན་སྐྱེད་བསྒྲུབ་རིམ། རང་འགུལ་མཛོད་ཉར་མ་ལག་བཅས་ལ་གཟིགས་ཞིབ་གནང་བ་དང་འབྲེལ་ཁེ་ལས་ཀྱིས“འདེབས་འཛུགས་གསོ་ཚགས་ལས་སྣོན་གསུམ་གཞི་གཅིག་ཅན”གྱི་བྱེད་ཐབས་ལག་བསྟར་བྱེད་པ་དང་སྤུས་ཚད་དང་བདེ་འཇགས་འགན་ལེན་བྱེད་པའི་བྱེད་ཐབས་དེར་གདེང་འཇོག་གང་ལེགས་གནང་ཁར་ཁེ་ལས་ཀྱིས་གསར་གཏོད་གཉེར་སྐྱོང་གི་འདུ་ཤེས་གསར་གཏོད་དང་ཁྲོམ་ར་གསར་འབྱེད་ཧུར་ཐག་བྱས་ཏེ་ཕན་འབྲས་བཟང་པོ་གཏོད་པ་དང་ཆབས་ཅིག་མཐའ་འཁོར་གྲོང་མིའི་འབབ་འཕར་ལ་སྣེ་ཁྲིད་ཐུབ་པ་བྱེད་དགོས་ཞེས་སྐུལ་ལྕག་གནང་བ་རེད། ཞིས་ཅིན་ཕིང་གིས་རང་རྒྱལ་ནི་དཀར་ཆུའི་ལས་རིགས་ཐོན་སྐྱེད་དང་བྲིན་ཚོང་གི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས་དཀར་ཆུའི་ལས་རིགས་སྟོབས་དང་ལྡན་པ་ཞིག་གཉེར་རྒྱུའི་ཆོད་སེམས་ཀྱི་ཐོག་ནས་མི་དམངས་མང་ཚོགས་བློ་ཡིད་ཚིམ་པ་དང་བློ་བདེ་པོས་ཟ་ཆོག་པའི་སྤུས་ཚད་མཐོ་བའི་དཀར་ཆུའི་ཐོན་ཟོག་ཐོན་སྐྱེད་བྱེད་པ་དང་རྒྱལ་སྤྱིའི་འགྲན་རྩོད་ལྡན་པའི་དཀར་ཆུའི་ལས་རིགས་ཀྱི་ཐོན་ལས་གཏོད་དེ་འཛམ་གླིང་ཐོག་སྐད་གྲགས་ཆོད་པའི་དཀར་ཆུའི་ལས་རིགས་ཀྱི་སྤུས་རྟགས་སྐྱེད་སྲིང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།