མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་གིས་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་ཁུར་བ་དང་དཔྱིད་
གསར་དུས་ཆེན་བསུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་26ཉིན། 09:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཡུས་ཀྲེང་ཧྲེང་གིས་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་ཁུར་བ་དང་དཔྱིད་
གསར་དུས་ཆེན་བསུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

         མི་དམངས་དྲ་བའི་འཕྲིན། ཚེས་24ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་ཁུར་བ་གདན་དྲངས་ཏེ་བཞུགས་མོལ་གནང་བ་དང་དཔྱིད་གསར་དུས་ཆེན་ལ་ཐུན་མོང་ཐོག་རྟེན་འབྲེལ་ཞུས་པ་དང་འབྲེལ་ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་ཆོས་ལུགས་ལས་རིགས་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་གནང་བ་རེད།
         ཡུས་ཀྲེང་ཧྲེང་གིས་ཆོས་ལུགས་ཚོགས་པ་ཁག་གི་འགན་ཁུར་བའི་གཏམ་བཤད་གསན་རྗེས་2016ལོ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་རྒྱང་སྐྱོད་ལམ་བུའི་ཁྲོད་གལ་འགངས་ཤིན་ཏུ་ཆེ་བའི་ལོ་གཅིག་ཡིན་པ་དང་ལྷག་པར་དུ་ཀྲུང་གོ་གུང་ཁྲན་ཏང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་དུ་གཏན་འཁེལ་བྱས་པ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཡུན་རིང་འཕེལ་རྒྱས་གཏོང་རྒྱུ་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་རེད། 2016ལོ་དེ་ཆོས་ལུགས་ལས་དོན་ཐད་ལའང་ཆེས་གལ་འགངས་ཆེ་བའི་ལོ་གཅིག་ཡིན་པ་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུ་འཚོགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་ཆོས་ལུགས་ལས་ཀའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་འགངས་ཆེན་རྒྱས་བཤད་གཏིང་ཟབ་གནང་སྟེ་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་ཆེད་རྩ་བའི་བརྩི་སྲུང་ཞུ་ས་མཁོ་འདོན་གནང་ཡོད། རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པ་ཁག་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཧུར་ཐག་ཞུས་ཏེ་སྐབས་བརྗེ་བ་དང་གསར་རྙིང་བརྗེ་རེས་ལས་དོན་གཅིག་རྗེས་གཉིས་མཐུད་ངང་སྤེལ་བས་ཆོས་ལུགས་ལས་དོན་དུས་མཚམས་གསར་རྐྱང་ཞིག་ཏུ་སླེབས་ཡོད་ཅེས་གསུངས་པ་རེད།
         ཡུས་ཀྲེང་ཧྲེང་གིས་2017ལོ་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུ་ཡིན་ཞིང་། ཆོས་ལུགས་ལས་རིགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་མུ་མཐུད་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་། གཙོ་གནད་དང་དཀར་གནད་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱེད་པ་བཅས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཁོར་ཡུག་བཟང་པོ་གཏོད་དགོས་ཞེས་བསྟན་གནང་བ་རེད།
         ཡུས་ཀྲེང་ཧྲེང་གིས་ཏང་ཀྲུང་དབྱང་གི་ཆོས་ལུགས་ལས་ཀའི་མཛད་ཕྱོགས་སྲིད་ཇུས་སྔར་ནས་ད་བར་ཁ་གསལ་ཡིན་པ་དང་ཆོས་ལུགས་ཚོགས་པ་ཁག་གིས་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཏེ་ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ལ་ཁྲིད་སྟོན་བྱས་ནས་ཏང་གི་ཆོས་ལུགས་ལས་ཀའི་གཞི་རྩའི་མཛད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་དང་ཆོས་ལུགས་ལས་ཀ་ཁྲིམས་སྐྱོང་ཅན་དུ་འགྱུར་རྒྱུ་མཐའ་འཁྱོངས་བྱེད་པར་གོ་བ་ཡང་དག་བླངས་ནས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། ཐལ་སྐྱོད་རིང་ལུགས་དང་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་བཅས་བྱས་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།
        ཡུས་ཀྲེང་ཧྲེང་གིས་ཆོས་ལུགས་ཚོགས་པས་ཏང་དང་སྲིད་གཞུང་དང་དད་ལྡན་མང་ཚོགས་དབར་གྱི་སྦྲེལ་ཟམ་ཡག་པོ་བྱས་ཏེ་རྒྱལ་ཁབ་ཀྱི་སྤྱི་ཁོག་འཐབ་ཇུས་བཀོད་སྒྲིག་ལ་དམིགས་པ་དང་ཆོས་ལུགས་ལས་རིགས་རང་ངོས་ཀྱི་ཁྱད་ཆོས་དང་ལེགས་ཆ་དང་ཟུང་འབྲེལ་གྱིས་དགེ་མཚན་ལྡན་པའི་སྤྱི་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། ཆོས་ལུགས་ལས་རིགས་ཀྱི་དྲང་ཕྱོགས་གཟུགས་བརྙན་གསར་གཏོད་དང་དྲིལ་བསྒྲགས་བྱས་ཏེ་ཕྱི་ཕྱོགས་དང་མཛའ་གྲོགས་སྤེལ་རེས་གཏིང་ཟབ་བྱས་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་བསྟན་གནང་བ་རེད།
         ཡུས་ཀྲེང་ཧྲེང་གིས་ཆོས་ལུགས་ཚོགས་པས་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། འགན་ནུས་ཀྱི་ངེས་གནས་གསལ་པོ་བཟོ་བ། དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བ། དད་ལྡན་མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཐད་ཤུགས་བརྒྱབ་ནས་རང་སོ་སོའི་ཆོས་ལུགས་དུས་རབས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བགྲོད་ལམ་དང་བསྟུན་ཏེ་མདུན་སྐྱོད་བྱ་རྒྱུར་སྐུལ་འདེད་བཏང་ནས་རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣ་སྣེ་འཁྲིད་ནས་ཀྲུང་གོའི་ཆོས་ལུགས་བྱ་གཞག་ཡག་པོ་སྒྲུབ་དགོས་ཞེས་བསྟན་གནང་བ་རེད།
        ཡུས་ཀྲེང་ཧྲེང་གིས་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་ནི་དུས་བབ་གསར་པའི་འོག་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩའི་གནད་དོན་ཞིག་ཡིན། ཆོས་ལུགས་ཚོགས་པས་བྱེད་པོའི་འགན་འཁྲི་ཁུར་ནས་ཆོས་ལུགས་སློབ་གྲྭ་ཡག་པོ་གཉེར་ཏེ་ཆུ་ཚད་མཐོ་བའི་ཞིབ་འཇུག་མཁན་དང་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་ཤུགས་ཆེན་བྱས་ནས་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཕུགས་ཕན་ལམ་སྲོལ་ཆགས་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
        ཡུས་ཀྲེང་ཧྲེང་གིས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཆོས་ལུགས་ཚོགས་པའི་ལས་དོན་ལ་སྔར་རྒྱུན་བཞིན་རྒྱབ་སྐྱོར་བྱེད་པ་དང་ཆོས་ལུགས་ཚོགས་པའི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རོགས་བྱས་ནས་ཆོས་ལུགས་འཆམ་མཐུན་གྱི་འབྲེལ་བར་ཤུགས་རྐྱེན་ཐེབས་པའི་མངོན་གསལ་དོད་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་འདིར་འཚོ་བར་དཀའ་ངལ་ཡོད་པའི་དད་ལྡན་མང་ཚོགས་ལ་དེ་བས་སེམས་ཁུར་བྱས་ཏེ་ཁོང་ཚོར་བརྟན་ལྷིང་དང་བཀྲ་ཤིས་པའི་དཔྱིད་གསར་དུས་ཆེན་ཞིག་གཏོང་རྒྱུ་ཡོང་བ་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།