མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་རང་ངོ་མས་སྒྱུར་བཅོས་
དམ་འཛིན་དང་ཡིད་རྣལ་དུ་ཕབ་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་
དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་08ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་6ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་སོ་གཉིས་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ནི་སྒྱུར་བཅོས་དམ་འཛིན་བྱེད་མཁན་གྱི་འགག་རྩ་ཡིན་པས། སྒྱུར་བཅོས་སྒོ་དབྱེ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་དམ་འཛིན་བྱེད་པ་དང་རང་ངོ་མས་དམ་འཛིན་དང་སྣེ་ཁྲིད་དེ་བསྒྲུབས་དགོས་པ་མ་ཟད། འགན་འཁྲི་ཆེ་ཤོས་དེ་ཁུར་ཕོད་པ་དང་དཀའ་ངལ་མཐའ་དག་སེལ་ཏེ་སྒྱུར་བཅོས་གལ་ཆེན་རང་ངོ་མས་བཀོད་སྒྲིག་དང་། རང་ངོ་མས་ཇུས་གཞི་གལ་ཆེན་གྱི་འགག་སྒོ་སྲུང་བ། རང་ངོ་མས་འགག་རྩའི་ལྷུ་ཚིགས་མཐུན་སྦྱོར། རང་ངོ་མས་དོན་འཁྱོལ་གྱི་གནས་ཚུལ་ལ་ལྟ་ཞིབ་བཅས་བྱས་ཏེ་སེམས་རྣལ་དུ་ཕབ་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལི་ཁེ་ཆང་དང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
         ཚོགས་འདུའི་ཐོག《དུས་སྐབས་གསར་པའི་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་གི་སྒྱུར་བཅོས་ཇུས་གཞི》དང་། 《ཏང་གིས་ས་གནས་ཀྱི་ཕྱི་ཕྱོགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྒྲིག་སྲོལ་ལ་སྒྱུར་བཅོས་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》《ཕྱིར་སྡོད་སྒྲིག་གཞིའི་འགོ་ཁྲིད་ལམ་སྲོལ་དང་། དོ་དམ་སྒྲིག་སྲོལ། ལྟ་སྐུལ་ལམ་སྲོལ་བཅས་ལ་སྒྱུར་བཅོས་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》《ཕྱི་ཕྱོགས་ལས་དོན་དཔུང་ཁག་འཛུགས་སྐྱོང་ལ་སྒྱུར་བཅོས་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》《ཕྱི་ཕྱོགས་ལས་དོན་ལ་སྒྱུར་བཅོས་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》《སྤྱི་ཚོགས་ཇུས་འདོན་ཚོགས་པ་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》《རྒྱལ་ཁབ་ཚན་རྩལ་ཐབས་ཇུས་ཇུས་འདྲིའི་ལམ་ལུགས་འཛུགས་རྒྱུའི་ཇུས་གཞི》《སྤྱི་པའི་ཆ་འཕྲིན་ཐོན་ཁུངས་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》《གཙང་ཆུ་རྒྱུག་ཁུལ་ལ་གཞིགས་ནས་ཁོར་ཡུག་ལྟ་སྐུལ་དོ་དམ་དང་སྲིད་འཛིན་ཁྲིམས་འཛིན་སྒྲིག་གཞི་འཛུགས་རྒྱུའི་ཚོད་ལྟའི་ཇུས་གཞི》《ཕྱི་རྒྱལ་བའི་རྒྱུན་སྡོད་ལག་ཁྱེར་གྱི་འགྲོ་ལུགས་སྟབས་བདེ་རུ་གཏོང་རྒྱུའི་སྒྱུར་བཅོས་ཇུས་གཞི》《ཀྲུང་དབྱང་གསར་འགྱུར་ཚན་པ་གཙོ་བོའི་བཅར་འདྲི་རྩོམ་སྒྲིག་སྙན་སྒྲོན་དོ་དམ་བཅས་ལས་གནས་ཀྱི་མི་དོན་དོ་དམ་ལམ་ལུགས་སྒྱུར་བཅོས་ཚོད་ལྟའི་ལག་བསྟར་བསམ་འཆར》《རྒྱལ་ཁབ་ལས་ཁུངས་ཀྱི“སུས་ཁྲིམས་འཛིན་བྱས་ན་དེས་ཁྲིམས་ལུགས་ཁྱབ་གདལ་གཏོང་རྒྱུའི”ཁྲིམས་ལུགས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱ་རྒྱུའི་བསམ་འཆར》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། 《རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་སྒྱུར་བཅོས་ཚོད་ལྟའི་ལས་དོན་སྐོར་གྱི་ཕྱོགས་སྡོམ་སྙན་ཞུ》དང་། 《མང་ཚོགས་ཚོགས་པའི་སྒྱུར་བཅོས་ཚོད་ལྟའི་ལས་དོན་ཕྱོགས་སྡོམ་སྐོར་གྱི་ཧྲང་ཧའེ་གྲོང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་སྙན་ཞུ》《མང་ཚོགས་ཚོགས་པའི་ཚོད་ལྟའི་ལས་དོན་ཕྱོགས་སྡོམ་སྐོར་གྱི་ཁྲུང་ཆིང་གྲོང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་སྙན་ཞུ》བཅས་གསན་པ་རེད།
         ཚོགས་འདུའི་ཐོག་བསྟན་དོན། བཟོ་པའི་གྲལ་རིམ་ནི་རང་རྒྱལ་གྱི་འགོ་ཁྲིད་གྲལ་རིམ་ཞིག་དང་ཐོན་ལས་བཟོ་པ་ནི་བཟོ་པའི་གྲལ་རིམ་གྱི་བྱེད་པོའི་སྟོབས་ཤུགས་ཤིག་ཡིན། ཏང་གི་སྲིད་འཛིན་རྨང་གཞི་བརྟན་དུ་གཏོང་རྒྱུའི་མཐོ་ཚད་དང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་མཐོ་ཚད་ཐོག་ནས་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་ལ་སྒྱུར་བཅོས་བྱ་རྒྱུ་མགྱོགས་སུ་གཏོང་བ་དང་བློ་གཅིག་སེམས་གཅིག་གིས་བཟོ་པའི་གྲལ་རིམ་ལ་བརྟེན་པའི་མཛད་ཕྱོགས་མཐའ་འཁྱོངས་བྱས་ཐོག“ཆབ་སྲིད་འགན་ལེན་དང་། ལམ་ལུགས་དོན་འཁྱོལ། བྱང་ཚད་མཐོར་གཏོང་། ཁེ་དབང་སྲུང་སྐྱོང”བཅས་ཀྱི་སྤྱིའི་བསམ་ཕྱོགས་གཞིར་བཟུང་དང་ཐོན་ལས་བཟོ་པའི་དཔུང་ཁག་འཕེལ་རྒྱས་འགྲོ་རྒྱུར་འགོག་རྐྱེན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་དང་། ཐོན་ལས་བཟོ་པའི་བྱང་ཚད་མཐོ་རུ་གཏོང་བ། འཕེལ་རྒྱས་ཀྱི་བགྲོད་ལམ་བཤངས་བ། ཁྲིམས་ལྟར་ཁེ་དབང་འགན་སྲུང་བཅས་བྱས་ཏེ་ཕུགས་བསམ་ལྡན་ལ་དད་སེམས་ཆེ་བ་དང་། ལག་རྩལ་ཡོད་ལ་གསར་གཏོད་བྱེད་ཤེས་པ། འགན་འཁུར་ཕོད་ལ་ལེགས་སྐྱེས་འབུལ་ཐུབ་མཁན་བཅས་ཀྱི་ཐོན་ལས་བཟོ་པའི་དཔུང་ཁག་ཆེན་པོ་ཞིག་སྐྲུན་དགོས།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་གིས་ཕྱི་ཕྱོགས་ལས་དོན་ལ་གཅིག་སྡུད་གཅིག་གྱུར་ཐོག་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་ཕྱི་ཕྱོགས་ལས་དོན་གྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ཀྱི་ཕྱོགས་ཁག་ནང་ལག་བསྟར་བྱས་ནས་འཐབ་ཇུས་འགོད་རྒྱུར་ཤུགས་སྣོན་དང་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས། ས་གནས་ཏང་ཨུད་ཀྱིས་ས་ཁུལ་དེ་གའི་ཕྱི་དོན་ལས་དོན་གྱི་བྱེད་པོའི་འགན་འཁྲི་གསལ་པོ་བཟོ་བ་དང་ཞིང་ཆེན་མན་གྱི་ས་གནས་ཏང་ཨུད་ཀྱི་ཕྱི་དོན་ལས་དོན་གྱི་འགོ་ཁྲིད་དང་ལས་ཀའི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཕྱི་སྡོད་སྒྲིག་གཞི་དོ་དམ་གྱི་སྒྲིག་སྲོལ་ལ་སྒྱུར་བཅོས་བྱ་རྒྱུ་ཟབ་ཏུ་གཏོང་དགོས། མི་སྣ་བསྡུ་བ་དང་། གསོ་སྦྱོང་། འདེམས་པ་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཆབ་སྲིད་བརྟན་པ་དང་། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་ལེགས་པ། སྒྲིག་ཁྲིམས་ནན་པ་བཅས་ཀྱི་ཕྱི་ཕྱོགས་ལས་དོན་དཔུང་ཁག་ཅིག་སྐྲུན་དགོས། ཕྱིར་རོགས་སྐྱོར་བྱེད་པའི་འཐབ་ཇུས་བཀོད་སྒྲིག་བཟང་སྒྲིག་དང་། ཕྱིར་རོགས་སྐྱོར་བྱེད་པའི་མ་དངུལ་དང་རྣམ་གྲངས་དོ་དམ་ལེགས་སུ་གཏོང་བ། ཕྱིར་རོགས་སྐྱོར་བྱེད་པའི་དོ་དམ་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་བཅས་བྱས་ཏེ་ཕྱི་ཕྱོགས་རོགས་སྐྱོར་གྱི་ཕྱོགས་བསྡུས་ཕན་འབྲས་མཐོ་རུ་གཏོང་དགོས།
         ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཚོགས་ཇུས་འདོན་ཚོགས་པ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་ཚད་ལྡན་དུ་གཏོང་བ་དང་དེར་ཁྲིད་སྟོན་བྱ་རྒྱུ་དེ་དམངས་ཁྲོད་ཀྱི་བློ་གྲོས་འདོན་སྤེལ་དང་ཏང་དང་སྲིད་གཞུང་གི་ཐབས་ཇུས་ལ་ཞབས་འདེགས་ཞུ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་ཇུས་འདོན་ཚོགས་པ་བསྐྲུན་རྒྱུར་ཁྲིད་སྟོན་བྱེད་པ་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་དང་སྲིད་གཞུང་གི་ཐབས་ཇུས་གལ་ཆེན་གྱི་ཇུས་གཞིར་དམིགས་ནས་ཇུས་འདྲིར་ཞིབ་འཇུག་བྱེད་དགོས། འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་སྒྲིག་བྱས་ཏེ་སྤྱི་ཚོགས་ཇུས་འདོན་ཚོགས་པ་ཐབས་ཇུས་ཞབས་ཞུའི་ནང་ཞུགས་པའི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་སྤྱི་ཚོགས་ཇུས་འདོན་ཚོགས་པའི་ཤེས་ལྡན་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས། དོ་དམ་སྒྲིག་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དོན་ཆེན་སྙན་སེང་ཞུ་བའི་ལམ་ལུགས་དང་ཆ་འཕྲིན་ཡོངས་བསྒྲགས་བྱེད་པའི་ལམ་ལུགས་འཛུགས་དགོས།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རྒྱལ་ཁབ་ཚན་རྩལ་ཐབས་ཇུས་ཇུས་འདྲིའི་ལམ་ལུགས་བཟོས་ནས་གཞི་ཚུགས་ས་དེ་རྒྱལ་ཁབ་ཀྱི་སྤྱི་ཡོངས་འཕེལ་རྒྱས་དང་ཏང་ཀྲུང་དབྱང་གི་ཚན་རྩལ་ཐབས་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བའི་དགོས་མཁོའི་ཐོག་བཞག་ནས་ལམ་སྲོལ་ཇུས་འགོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་ཚན་རྩལ་ཐབས་ཇུས་ཇུས་འདྲི་ཨུ་ལྷན་གྱིས་ཚན་རྩལ་གསར་གཏོད་འཕེལ་རྒྱས་ལ་འཕྲད་པའི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ལ་དུས་ཐོག་ཏུ་བསམ་འཆར་དང་གྲོས་འགོ་འདོན་དགོས་པ་མ་ཟད། འཛམ་གླིང་ཚན་རྩལ་གྱི་འཐབ་སར་བསྡིགས་ཏེ་གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ཀྱི་མིག་རྒྱང་གི་ཐོག་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་དང་། དམངས་འཚོ་འགན་ལེན་དང་ལེགས་གཏོང་། རྒྱལ་སྲུང་འཛུགས་སྐྲུན་སོགས་ཚན་རྩལ་གྱི་ཐབས་ཇུས་གལ་ཆེན་ཐད་ཇུས་འདྲི་དང་གྲོས་འགོ་འདོན་དགོས། རྒྱལ་ཁབ་ཀྱི་ཚན་རྩལ་སྔོན་དཔག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་ཚན་རྩལ་གསར་གཏོད་ཀྱི་ཞིབ་བཤེར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས།
         ཚོགས་འདུའི་ཐོག་བསྟན་དོན། སྤྱི་པའི་ཆ་འཕྲིན་ཐོན་ཁུངས་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་བཏང་ནས་འཆར་འགོད་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་། ཆ་འཕྲིན་ཐོན་ཁུངས་བསྡུ་སྒྲིལ་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་ཆ་འཕྲིན་དམངས་ཕན་ལ་སྔར་བས་སྐུལ་འདེད་གཏོང་བ། གྲངས་གཞིའི་རྒྱལ་ཁབ་ཆེ་མོ་དང་ཁྲོམ་ར་ཆེ་མོའི་ལེགས་ཆ་སྔར་བས་འདོན་སྤེལ་བྱེད་པ། ཆ་འཕྲིན་ཐོན་ཁུངས་གཞི་ཁྱོན་ཅན་གྱི་ཐོག་ནས་གསར་གཏོད་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་སྤྱི་པའི་ཆ་འཕྲིན་ཐོན་ཁུངས་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་གྱི་རིན་ཐང་དང་སྤྱི་ཚོགས་ཀྱི་ཕན་འབྲས་མངོན་པ་བྱེད་དགོས། ཕྱོགས་ཡོངས་ནས་བཀོད་སྒྲིག་དང་ཚོད་ལྟའི་སྣེ་ཁྲིད་ནུས་པ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གཙང་ཆུ་རྒྱུག་ཁུལ་ལ་གཞིགས་ནས་ཁོར་ཡུག་ལྟ་སྐུལ་དོ་དམ་དང་སྲིད་འཛིན་ཁྲིམས་འཛིན་སྒྲིག་གཞི་བཙུགས་ཏེ་སྣོད་བཅུད་མ་ལག་གི་ཁྱོན་ཡོངས་རང་བཞིན་དང་ཞིབ་ཕྲའི་རང་བཞིན་དང་དེ་བཞིན་དེའི་ནང་གནས་ཀྱི་ཆོས་ཉིད་ལ་བསྟུན་ནས་རྒྱུག་ཁུལ་དེ་དོ་དམ་གྱི་ཚན་པ་རྐྱང་པར་བརྩིས་ནས་སྟོད་རྒྱུད་སྨད་རྒྱུད་དང་གཡོན་ངོགས་གཡས་ངོགས་སྤྱི་འདོམས་བྱེད་པ་དང་། དབང་ཆ་དང་འགན་འཁྲི་སྙོམ་སྒྲིག་བྱེད་པ། རྒྱུག་ཁུལ་གྱི་ཁོར་ཡུག་ལྟ་སྐུལ་དོ་དམ་དང་སྲིད་འཛིན་ཁྲིམས་འཛིན་གྱི་འགན་ནུས་བཀོད་སྒྲིག་བཟང་སྒྲིག་བཅས་བྱས་ཏེ་རྒྱུག་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་འཆར་འགོད་གཅིག་གྱུར་དང་། ཚད་གཞི་གཅིག་གྱུར། ཁོར་ཡུག་གདེང་འཇོག་གཅིག་གྱུར། ལྟ་ཞིབ་ཚད་ལེན་གཅིག་གྱུར། ཁྲིམས་འཛིན་གཅིག་གྱུར་བཅས་ཡོང་བ་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་ཕན་འབྲས་ཧྲིལ་པོ་མཐོ་རུ་གཏོང་དགོས།
        ཚོགས་འདུའི་ཐོག་བསྟན་དོན། ཕྱི་རྒྱལ་བའི་རྒྱུན་སྡོད་ལག་ཁྱེར་གྱི་འགྲོ་ལུགས་སྟབས་བདེ་རུ་གཏོང་རྒྱུའི་སྒྱུར་བཅོས་ལག་བསྟར་བྱེད་པ་དང་རྒྱལ་ཁབ་ཀྱི་ཤེས་ལྡན་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་རྒྱུར་དམིགས་ཏེ་སྤྱི་ཚོགས་ཀྱི་དོ་ཁུར་ལ་ཕྱོགས་ནས་ལག་ཁྱེར་ཇུས་འགོད་བཟང་སྒྲིག་དང་ཆ་འཕྲིན་མ་ལག་སྒྱུར་བཅོས་སོགས་ཐད་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་ཕྱི་རྒྱལ་བའི་རྒྱུན་སྡོད་ལག་ཁྱེར་དབྱེ་འབྱེད་ཞིབ་བཤེར་དང་སྟབས་བདེ་ཅན་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག་རྒྱུན་སྡོད་བྱེད་མཁན་ཕྱི་རྒྱལ་བ་ཀྲུང་གོར་སྡོད་པའི་ཐོབ་ཐང་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཀྲུང་དབྱང་གི་གསར་འགྱུར་ཚན་པ་གཙོ་བོའི་བཅར་འདྲི་རྩོམ་སྒྲིག་སྙན་སྒྲོན་དོ་དམ་བཅས་ཀྱི་ལས་གནས་ཀྱི་མི་དོན་དོ་དམ་ལམ་ལུགས་སྒྱུར་བཅོས་ཟབ་གཏོང་དང་། སྒྲིག་ཁོངས་ཐོན་ཁུངས་སྤྱི་འདོམས་བཀོད་སྒྲིག་བྱེད་པ། མི་སྣའི་སྒྲིག་ཁོངས་བསྡོམས་འབོར་དོ་དམ་གྱི་ཚོད་ལྟའི་ལས་དོན་སྤེལ་བ། མི་དོན་གླ་ཆའི་ལམ་ལུགས་སྒྱུར་བཅོས་ཟབ་གཏོང་། དཔྱད་ཞིབ་གདེང་འཇོག་དང་བཤོལ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གསར་འགྱུར་གླེང་ཕྱོགས་ལས་དོན་དཔུང་ཁག་གི་བྱ་གཞག་གི་བསམ་པ་དང་། གཏོགས་སེམས། ལྷག་བསམ་བཅས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་གསར་འགྱུར་བྱ་གཞག་ཡུན་རིང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྟོབས་དང་ལྡན་པའི་ཤེས་ལྡན་པའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས།                  ཚོགས་འདུའི་ཐོག་བསྟན་དོན། རྒྱལ་ཁབ་ལས་ཁུངས་ཀྱིས“སུས་ཁྲིམས་འཛིན་བྱས་ན་དེས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི”ཁྲིམས་ལུགས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ཏེ་རྒྱལ་ཁབ་ལས་ཁུངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་གྱི་འགན་འཁྲིའི་ལས་འགན་གསལ་པོ་བཟོ་བ་དང་། ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་ལས་དོན་དང་ཁྲིམས་སྐྱོང་ལག་ལེན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཁོངས་གཏོགས་ནང་ཁུལ་གྱི་ཁྲིམས་ལུགས་ཁྱབ་གདལ་དང་སྤྱི་ཚོགས་ཀྱི་ཁྲིམས་ལུགས་ཁྱབ་གདལ་གཏོང་རྒྱུ་གལ་ཆེ་མཉམ་དུ་འཇོག་རྒྱུ་མཐའ་འཁྱོངས། ལས་ཀའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྡེ་ཚན་དབར་ལས་བགོས་འགན་འཁྲི་དང་། རང་འགན་གཙང་སྒྲུབ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བཅས་ཀྱི་ཁྲིམས་ལུགས་ཁྱབ་གདལ་གྱི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱེད་དགོས།
         ཚོགས་འདུའི་ཐོག་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་། ཧྲང་ཧའེ་གྲོང་ཁྱེར། ཁྲུང་ཆིང་གྲོང་ཁྱེར་བཅས་ཀྱི་མང་ཚོགས་རང་བཞིན་གྱི་ཚོགས་པའི་སྒྱུར་བཅོས་ཚོད་ལྟའི་ལས་དོན་གྱི་ཕྱོགས་སྡོམ་སྙན་ཞུ་གསན་པ་དང་། ཚོད་ལྟའི་ལས་དོན་གྱིས་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཀྱི་གཙོ་རྐང་དེ་རྒྱུན་འཁྱོངས་དང་ཤུགས་ཆེར་གཏོང་རྒྱུར་དམིགས་ནས་ནུས་ཤུགས་ཡོད་རྒུས“ལས་ཁུངས་ཅན་དང་། སྲིད་འཛིན་ཅན། སྐུ་དྲག་ཅན། རོལ་རྩེད་ཅན”བཅས་ཀྱི་གནད་དོན་བསལ་བས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཚོད་ལྟའི་ལས་དོན་སྤེལ་ཟིན་པའི་མང་ཚོགས་རང་བཞིན་གྱི་ཚོགས་པ་དང་ས་གནས་ཀྱིས་ལམ་སྲོལ་འཛུགས་པ་དང་། ནུས་པ་ཆེ་རུ་གཏོང་བ། དངོས་ཕན་ཆེ་རུ་གཏོང་བ་བཅས་ཀྱི་ཐད་མུ་མཐུད་ཤུགས་བརྒྱབ་ནས་སྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། མང་ཚོགས་རང་བཞིན་གྱི་ཚོགས་པ་དང་ས་གནས་གཞན་དག་གིས་ཚོད་ལྟའི་ལས་དོན་གྱི་ཉམས་མྱོང་སློབ་སྦྱོང་དང་མིག་དཔེར་འཛིན་ནས་དོན་དངོས་གནད་དོན་ལ་དམིགས་ཏེ་སྒྱུར་བཅོས་བྱེད་ཐབས་ལ་དམ་འཛིན་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་མང་ཚོགས་རང་བཞིན་གྱི་ཚོགས་པའི་ལས་དོན་གྱི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ་བསྟན་པ་རེད།
         ཚོགས་འདུའི་ཐོག་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་སྒྱུར་བཅོས་ལ་དམ་འཛིན་བྱས་ནས་དཔེ་སྟོན་ནུས་པ་ཆེན་པོ་ལྡན་པར་གོང་དཔེ་འོག་སྟོན་དང་དངོས་འཛིན་དངོས་སྒྲུབ་བྱེད་དགོས། སྒྱུར་བཅོས་སྐོར་གྱི་ཏང་ཀྲུང་དབྱང་གི་དགོངས་དོན་འཕྲལ་མར་བརྒྱུད་བསྒྲགས་དང་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ལས་འགན་ཧུར་ཐག་ངང་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ་ཏང་ཀྲུང་དབྱང་གིས་བཏོན་པའི་སྒྱུར་བཅོས་གནད་དོན་འགངས་ཆེན་ནན་ཏན་ངང་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས། སྒྱུར་བཅོས་ཀྱི་བསམ་ཕྱོགས་ཞིབ་འཇུག་བྱེད་པའི་ཐད་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་སྒྱུར་བཅོས་ཇུས་གཞིའི་སྤུས་ཚད་ཀྱི་འགག་སྒོ་གལ་ཆེན་ནན་པོ་བསྲུངས་ནས་ཏང་ཀྲུང་དབྱང་གི་བླང་བྱ་དང་ས་གནས་སྡེ་ཚན་གྱི་དོན་དངོས་ཟུང་འབྲེལ་བྱས་ཏེ་འགག་རྩའི་གནད་དོན་ལ་དམ་འཛིན་དང་། དོན་དམ་པའི་ནང་དོན་ལ་དམ་འཛིན། སྤྱོད་གོ་ཆོད་པའི་བྱེད་ཐབས་ལ་དམ་འཛིན་བཅས་བྱས་ཐོག་ཕྱི་མཛེས་ནང་སྟོང་གི་བྱ་སྤྱོད་སྤེལ་མི་རུང་། བརྟག་ཞིབ་བྱ་རྒྱུ་དེ་སྒྱུར་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་གནད་དོན་གལ་ཆེན་དང་། འགལ་ཟླའི་གནད་དོན། མང་ཚོགས་ཀྱི་རེ་སྒུག་བཅས་སེམས་ནང་གདེང་ཚོད་ཡོད་པ་བྱས་ནས་སྒྱུར་བཅོས་ཀྱི་བྱེད་ཐབས་ལ་ཕན་འབྲས་ཇི་འདྲ་ཐོན་མིན་ཐད་རྩ་སྔོག་མཐིལ་འདྲི་དང་དོན་དངོས་གནས་ཚུལ་རྒྱུས་མངའ་ལོན་པ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
         སྒྱུར་བཅོས་ལ་ཇི་ཙམ་གྱིས་སྐུལ་འདེད་གཏིང་ཟབ་བཏང་ཚེ་འཕྲད་པའི་དཀའ་ཚེགས་ཀྱང་དེ་ཙམ་གྱིས་མང་དུ་འགྲོ་སྲིད། གཏན་འཁེལ་བྱས་པའི་གནད་དོན་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་ཐག་གཅོད་ཕོད་པ་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྒྲུབ་དགོས། སྒྱུར་བཅོས་འགངས་ཆེན་ཁ་ཤས་དང་རིམ་པ་གཞན་དང་མཐུན་སྦྱོར་བྱེད་དཀའ་བའི་རིགས་སྒྲུབ་ཕོད་པ་བྱས་ཏེ་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་བསམ་བློ་ཆབ་སྲིད་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ནུས་པ་འདོན་སྤེལ་བྱས་ཏེ་སྒྱུར་བཅོས་གལ་ཆེན་དང་གནད་དོན་འགངས་ཆེན་མཉམ་སྡེབ་ཞིབ་འཇུག་དང་གཅིག་སྡུད་བཀོད་སྒྲིག་བྱས་ནས་ཕྱོགས་ཁག་གི་སྒྱུར་བཅོས་ལས་དོན་དུས་ཐོག་ཏུ་གྲོས་མོལ་དང་འབྲེལ་གཏུག་བྱེད་དགོས།
         ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཚོགས་འདུར་ཞུགས་པ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་བ་རེད།