མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་
གིས་《སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་བཟོ་བ་དང་ནན་སྲུང་བྱ་རྒྱུའི་
སྐོར་གྱི་བསམ་འཆར་འགའ་ཞིག་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་09ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

          མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་7ཉིན། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་བཟོ་བ་དང་ནན་སྲུང་བྱ་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་》པར་འགྲེམས་བྱས་པ་དང་འབྲེལ། བརྡ་ཐོ་བཏང་ནས་ས་གནས་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱའང་བཏོན་པ་རེད།
         སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་ཅེས་པ་ནི་སྣོད་བཅུད་བར་སྟོང་ཁྱབ་ཁོངས་ནང་དམིགས་བསལ་དང་གལ་ཆེ་བའི་སྣོད་བཅུད་བྱེད་ནུས་ལྡན་པ་དང་ངེས་པར་དུ་བཙན་ཐབས་ཀྱི་སྲུང་སྐྱོང་ནན་པོ་བྱེད་དགོས་པའི་ས་ཁོངས་ལ་ཟེར། དེ་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་འགན་ལེན་དང་སྲུང་སྐྱོང་བྱེད་པའི་མཐའ་ཚད་དང་སྲོག་ཐིག་ཡིན་པས་སྤྱིར་ན་ཆུ་རྩྭ་གསོ་འཁྱོངས་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། ས་ཆུ་སྲུང་འཛིན། རླུང་འགོག་བྱེ་འཇགས། མཚོ་འགྲམ་སྣོད་བཅུད་བརྟན་པོ་སོགས་ཀྱི་བྱེད་ནུས་གལ་ཆེན་ལྡན་པའི་སྣོད་བཅུད་བྱེད་ནུས་གལ་ཆེན་ཁུལ་དང་དེ་བཞིན་ས་ཆུ་ཤོར་བ་དང་། ས་ཞིང་བྱེ་འགྱུར། བྱེ་རྡོ་ཅན་དུ་འགྱུར་བ། བ་ཚྭ་ཅན་དུ་འགྱུར་བ་སོགས་སྣོད་བཅུད་ཁོར་ཡུག་ཉམས་ཞན་ས་ཁོངས་ཚུད་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བཏོན་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད་མོད། འོན་ཀྱང་རང་རྒྱལ་གྱི་སྣོད་བཅུད་ཁོར་ཡུག་སྤྱིའི་ཆ་ནས་ཉམས་ཞན་ཡིན་སྟབས་སྣོད་བཅུད་བདེ་འཇགས་ཀྱི་དུས་བབ་ཧ་ཅང་ཛ་དྲག་པོ་ཡོད། སྣོད་བཅུད་སྲུང་སྐྱོང་དམར་ཐིག་བཟོ་བ་དང་ནན་སྲུང་བྱེད་པ་ནི་བྱེད་པོའི་བྱེད་ནུས་ཁུལ་གྱི་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱེད་པ་དང་སྣོད་བཅུད་བར་སྟོང་སྤྱོད་སྒོ་བཀག་སྡོམ་ལག་བསྟར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། སྣོད་བཅུད་ཐོན་རྫས་ཀྱི་མཁོ་སྤྲོད་ནུས་པ་དང་སྣོད་བཅུད་མ་ལག་ཞབས་ཞུའི་བྱེད་ནུས་ཆེ་རུ་གཏོང་བ་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་རྣམ་པ་གཏོད་པའི་བྱ་ཐབས་ནུས་ལྡན་ཞིག སྣོད་བཅུད་ཤེས་དཔལ་ལམ་ལུགས་དང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་ལེན་ནུས་ལྡན་ཞིག་བཅས་རེད།