མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་དང་སི་རི་ལན་ཁའི་ཙུང་ཐུང་གིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་
ནས་ཀྲུང་གོ་དང་སི་རི་ལན་ཁ་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་
ནས་ལོ་60འཁོར་བར་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་09ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་7ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་སི་རི་ལན་ཁའི་ཙུང་ཐུང་ཤིས་ལི་སེ་ན་ཡིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ཏེ་ལོ་60འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།
         ཞིས་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་ཀྲུང་གོ་དང་སི་རི་ལན་ཁ་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་60སོང་རིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་རྒྱལ་སྤྱིའི་འགྱུར་ལྡོག་ཆེན་པོའི་ཚོད་བགམ་ཐེག་ཐུབ་ནས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་ཡོད། ངས་ཀྲུང་གོ་དང་སི་རི་ལན་ཁའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ་སི་རི་ལན་ཁས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་ནང་ཧུར་ཐག་ཞུགས་རྒྱུར་མོས་མཐུན་དང་བསྔགས་བརྗོད་བྱེད་ཀྱི་ཡོད་པས་ཁྱེད་དང་མཉམ་དུ་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་སྲ་བརྟན་དུ་གཏོང་བ་དང་། གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་བ། དམངས་ཁྲོད་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཀྲུང་གོ་དང་སི་རི་ལན་ཁ་དབར་ལྷག་བསམ་ཟོལ་མེད་ཀྱིས་རོགས་རེས་དང་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པ་འཕེལ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་བ་རེད།
        ཤིས་ལི་སེ་ན་ཡིས་རྟེན་འབྲེལ་གློག་འཕྲིན་ནང་སི་རི་ལན་ཁ་དང་ཀྲུང་གོའི་མཛའ་གྲོགས་ཀྱི་ལོ་རྒྱུས་རིང་བ་དང་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་60སོང་རིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་སྲིང་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་བ་དང་འབྲེལ་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་སྤོར་ཐུབ་ཡོད། སི་རི་ལན་ཁ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་དབར་གྱི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུའི་འབད་བརྩོན་བྱས་ཏེ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེས་གནའ་བོའི་མཚོ་ཐོག་དར་གོས་ལམ་བུའི་རྨང་གཞིའི་ཐོག་སི་རི་ལན་ཁ་དང་ཀྲུང་གོའི་མཉམ་ལས་ཀྱི་དུས་རབས་གསར་པ་གཏོད་རྒྱུའི་ཡིད་ཆེས་ཡོད། སི་རི་ལན་ཁ་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།