མི་དམངས་དྲ་བ།>>མཐོ་རིམ་གནས་ཚུལ།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་10ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་8ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་ཁེ་ལས་དང་འབྲེལ་བ་ཡོད་པའི་གྲོན་བསྡུ་སྔར་བས་གཙང་བཤེར་དང་ཚད་ལྡན་དུ་བཏང་ནས་དངོས་ཚན་དཔལ་འབྱོར་གྱི་ཁུར་པོ་མུ་མཐུད་ཡང་དུ་གཏོང་རྒྱུ་གཏན་འཁེལ་དང་། ཨར་ལས་ལས་རིགས་ཀྱི“གཤམ་སྤྲོད་དང་། དོ་དམ། ཞབས་ཞུ”བཅས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཐོན་ལས་རིམ་སྤོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་བཀོད་སྒྲིག ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུའི་སྲིད་ཇུས་དང་བྱ་ཐབས་གཏན་འཁེལ་བྱས་ནས་འབྲུ་རིགས་ཀྱི་བདེ་འཇགས་དང་དེང་རབས་ཞིང་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུའི་གཏན་འཁེལ་བཅས་གནང་བ་དང་། 《ཞིང་སྨན་དོ་དམ་གྱི་སྲོལ་ཡིག(བཟོ་བཅོས་འཆར་ཟིན་)》ལ་གྲོས་འཆམ་བྱུང་བ་རེད།
    ཚོགས་འདུའི་ཐོག་ཁེ་ལས་དང་འབྲེལ་བའི་གྲོན་བསྡུ་གཙང་བཤེར་དང་ཚད་ལྡན་དུ་བཏང་ནས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དེ་ནི་བརྟན་ཁྲོད་ཡར་འཕེལ་གྱི་རྩ་བའི་དགོངས་གཞི་ལག་ལེན་བསྟར་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་དང་། སྲིད་གཞུང་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་རྒྱུ་ཟབ་ཏུ་གཏོང་བའི་འགག་རྩའི་ནང་དོན་ཞིག་རེད། 2013ལོ་ནས་བཟུང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་གྲོན་བསྡུ་ཉུང་དུ་དང་དམའ་རུ་གཏོང་བའི་བྱ་ཐབས་རྒྱུན་མཐུད་ནས་སྤྱད་པ་དང་། ཀྲུང་དབྱང་རིམ་པས་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་དང་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་བསྡུའི་རྣམ་གྲངས་ཁག་496གཅིག་གྱུར་ཐོག་མེད་པར་བཟོས་པ་དང་། བསྡུ་མཚམས་བཞག་པ། རྩ་ཆག་བཏང་བ། ས་གནས་ཀྱིས་གྲོན་བསྡུའི་རྣམ་གྲངས་600ཡན་མེད་པ་བཟོས་ཡོད། 2015ལོ་ཚུན་དུ་ཁེ་ལས་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་ཞབས་ཞུའི་རང་བཞིན་གྱི་གྲོན་བསྡུ་དང་ཁེ་ལས་ཀྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འགྲོ་སོང་ཉུང་དུ་གཏོང་བའི་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད། འོན་ཀྱང་ངེས་པར་དུ་མཐོང་དགོས་པ་ཞིག་ལ་མིག་སྔར་གྲོན་བསྡུའི་རྣམ་པ་ཅུང་མང་བ་དང་གྲོན་དངུལ་གང་བྱུང་བསྡུ་བ་སོགས་ཀྱི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད་པ་དེས་ཁེ་ལས་ཀྱི་ཁུར་པོ་ལྕི་རུ་ཕྱིན་ཡོད། གོམ་སྟབས་རྗེས་མར་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་གཏིང་ཤུགས་སྔོག་འདོན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་སྡེ་ཚན་གྱིས་སྣེ་ཁྲིད་དེ་ཆོད་སེམས་དེ་བས་ཆེ་བའི་ཐོག་ནས་ཁེ་ལས་དང་འབྲེལ་བ་ཡོད་པའི་གྲོན་བསྡུ་སྔར་བས་གཙང་བཤེར་དང་དམའ་རུ་བཏང་ནས་ལམ་ལུགས་རང་བཞིན་ལྡན་པ་དང་། ཕུགས་ལ་ཕན་པ། ཕན་ནུས་ལྡན་པ་བཅས་ཀྱི་གྲོན་དངུལ་གཙང་བཤེར་བྱ་ཐབས་ཁག་གཅིག་གང་མགྱོགས་འདོན་པ་དང་། རྩིས་བཤེར་དང་ལྟ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། བྱ་གཞག་ཚན་པའི་ལུགས་མཐུན་མིན་པའི་གྲོན་བསྡུ་མཐའ་གཅིག་ཏུ་མེད་པ་བཟོ་བ། མཚམས་སྦྱོར་སྒྲིག་གཞིས་སྲིད་གཞུང་གི་ཤུགས་རྐྱེན་སྤྱད་ནས་ཁྲིམས་འགལ་ངང་གྲོན་བསྡུ་བྱེད་རིགས་མཐའ་གཅིག་ཏུ་འགོག་པ། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱིས་བཙན་ཤེད་ངང་ཁེ་ལས་ཞུགས་སུ་འཇུག་པའམ་ཡང་ན་སྒྲིག་འགལ་ངང་གྲོན་དངུལ་བསྡུ་མི་ཆོག གྲོན་བསྡུའི་དཀར་ཆག་གསལ་ཐོའི་ལམ་ལུགས་དུས་ཚོད་དམ་འཛིན་གྱིས་བཟོས་ནས་ཁེ་ལས་དང་འབྲེལ་བ་ཡོད་པའི་གྲོན་བསྡུ་རང་མོས་ཐག་གཅོད་དབང་ཆ་ཉུང་དུ་ཏན་ཏིག་གཏོང་དགོས། ཁེ་ལས་དང་མང་ཚོགས་ཚོར་དངོས་ཕན་ཏན་ཏིག་ཐོབ་པ་བྱས་ནས་ཁྲོམ་རར་གསོན་ཤུགས་སྣོན་དགོས་ཞེས་བཏོན་ཡོད་པ་རེད།
     ཚོགས་འདུའི་ཐོག་ཨར་ལས་ལས་རིགས་ཀྱི“གཤམ་སྤྲོད་དང་། དོ་དམ། ཞབས་ཞུ”བཅས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཐོན་ལས་རིམ་སྤོར་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཞུགས་བྱེད་རྒྱ་ཆེ་རུ་གཏོང་བ་དང་མཚམས་སྦྲེལ་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་རྒྱུར་ཕན་པ་ཡོད་ལ་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་འདེགས་སྐྱོར་ཡང་ཐུབ་ཀྱི་ཡོད། གཅིག་ནས་གཅིག་གྱུར་སྒོ་དབྱེའི་འཛུགས་སྐྲུན་ཁྲོམ་ར་བཙུགས་ནས་ས་ཁོངས་ཀྱི་མཁར་རྫོང་མེད་པ་བཟོ་བ་དང་། ས་ཁུལ་དང་ལས་རིགས་ཁག་གིས་བཅའ་ཁྲིམས་ཁྲིམས་སྲོལ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ཕུད། ཨར་ལས་ལས་རིགས་ཁེ་ལས་བཀོད་སྒྲིག་གི་ལུགས་མཐུན་མིན་པའི་འཇུག་འཐུས་ཚོད་འཛིན་མེད་པ་བཟོ་དགོས། ངེས་པར་དུ་འོས་དཔོད་བྱེད་དགོས་པའི་ལས་གྲྭ་འཛུགས་སྐྲུན་གྱི་རྣམ་གྲངས་ཁྱབ་ཁོངས་ཆུང་དུ་བཏང་ནས་འོས་དཔོད་བྱེད་དགོས་རིགས་ཀྱི་རྣམ་གྲངས་གཅིག་གྱུར་གྱི་སྤྱི་པའི་ཐོན་ཁུངས་བརྗེ་ཚོང་ལས་སྟེགས་ནང་བཅུག་ནས་ཨར་ལས་ལས་རིགས་ཁེ་ལས་ལ་དྲང་གཞག་གི་ཁྲོམ་རའི་ཁོར་ཡུག་གཏོད་དགོས་པ་དང་། གཉིས་ནས་རྒྱལ་སྤྱིའི་སྔོན་ཐོན་ཚད་གཞིར་དཔེ་བསྡུར་བྱས་ནས་ཨར་ལས་ཇུས་འགོད་དང་འཛུགས་སྐྲུན་ཆུ་ཚད་མཐོ་རུ་གཏོང་བ་དང་། རིག་ནུས་དང་སྒྲིག་སྦྱོར་རྣམ་པའི་ཨར་ལས་ཁྱབ་གདལ་གཏོང་བ། ལས་གྲྭ་འཛུགས་སྐྲུན་སྒྲིག་འཛུགས་བྱེད་སྟངས་ལེགས་སུ་གཏོང་བ། ལས་གྲྭ་སྤྱིའི་འགན་གཙང་ལེན་རྒྱུ་ཁྱབ་གདལ་མགྱོགས་མྱུར་གཏོང་བ། སྲིད་གཞུང་གི་མ་འཇོག་ལས་གྲྭ་འཛུགས་སྐྲུན་དོ་དམ་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་བློ་འདྲི་དང་ཨར་སྐྲུན་སོགས་ཀྱི་ཆེད་ལས་ཁེ་ལས་སྐྱེད་སྲིང་བྱེད་དགོས་པ། གསུམ་ནས་འགན་གཙང་ལེན་གྱི་གན་རྒྱ་སྒྲུབ་པ་དང་ངལ་རྩོལ་ལས་སྤྱོད་སོགས་ཀྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ལས་གྲྭའི་མ་དངུལ་འགྱངས་ཆད་སྔོན་འགོག་ནན་པོ་བྱེད་དགོས། ལས་གྲྭའི་སྤུས་ཚད་བདེ་འཇགས་ཀྱི་ཚེ་གང་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་དགོས། “ཀྲུང་གོ་ལན་པར”གྱི་སྤུས་རྟགས་གཏོད་དགོས་པའི་ངོས་འཛིན་བྱས་ཡོད་པ་རེད།
    ཚོགས་འདུའི་ཐོག་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་དེ་དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་བ་དང་། འབྲུ་རིགས་ཀྱི་བདེ་འཇགས་དང་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་པ། གྲོང་གསེབ་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ཚེ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་པ་རེད།
    ཚོགས་འདུའི་ཐོག་《ཞིང་སྨན་དོ་དམ་སྲོལ་ཡིག(བཟོ་བཅོས་འཆར་ཟིན་)》ལ་གྲོས་འཆམ་བྱུང་བ་རེད། འཆར་ཟིན་ནང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་དམིགས་ནས་གཅིག་ནས་བརྒྱུད་རིམ་ཧྲིལ་པོར་དོ་དམ་ནན་དུ་གཏོང་དགོས་པ་དང་། གཉིས་ནས་བྱེད་པོའི་འགན་འཁྲིར་ཤུགས་སྣོན་རྒྱག་དགོས་པ། གསུམ་ནས་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད་པ་རེད།