མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཐེ་རོན་ཕུ་རྣམ་གཉིས་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་12ཉིན། 16:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་10ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་རྣམ་གཉིས་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཐེ་རོན་ཕུས་ཨ་རིའི་ཙུང་ཐུང་གི་འགན་དངོས་སུ་བཞེས་པར་ཞི་ཅིན་ཕིང་གིས་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་ཟླ་2ཚེས་8ཉིན་ཐེ་རོན་ཕུས་འཕྲིན་ཡིག་སྤྲིངས་ནས་དང་པོའི་བཅོ་ལྔའི་དུས་ཆེན་དང་ཀྲུང་གོའི་ལུགས་རྙིང་བྱ་ལོའི་ལོ་གསར་ལ་ཀྲུང་གོའི་མི་དམངས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཐེ་རོན་ཕུས་ཀྲུང་ཨའི་མཉམ་ལས་རྒྱ་ཆེར་ཧུར་ཐག་གཏོང་རྒྱུ་དང་ཀྲུང་ཨ་རྒྱལ་ཁབ་གཉིས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕན་པའི་དགེ་མཚན་ལྡན་པའི་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་འདོད་གནང་བར་ཚད་མཐོའི་བསྔགས་བརྗོད་ཀྱང་གནང་བ་རེད།
     ཐེ་རོན་ཕུས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་སླར་ཡང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོའི་མི་དམངས་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས་པ་རེད།
     ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་གིས་ཙུང་ཐུང་གི་འགན་བཞེས་ཚུན། ཀྲུང་ཨ་ཕྱོགས་གཉིས་པོས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་འབྲེལ་བ་ཟབ་མོ་བྱ་རྒྱུ་རྒྱུན་འཁྱོངས་གནང་ཡོད། མིག་སྔའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་རྒྱུན་ཆད་མེད་པར་ཐོན་པའི་འགྲན་སློང་སྣ་ཚོགས་ཀྱི་མདུན་དུ་ཀྲུང་ཨ་ཕྱོགས་གཉིས་པོས་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་དགོས་ངེས་རང་བཞིན་དང་དགོས་གཏུགས་རང་བཞིན་སྔར་བས་ཆེ་རུ་གཏོང་དགོས། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཐད་རྦད་དེ་གཅིག་རམ་གཅིག་འདེགས་དང་ཕན་ཚུན་སྐུལ་འདེད་གཏོང་ཆོག་ལ། ཕྱོགས་གཉིས་པོ་མཉམ་ལས་ཀྱི་རོགས་ཟླ་ཡག་པོར་འགྱུར་ཐུབ། ཀྲུང་ཨའི་འབྲེལ་བ་ལེགས་སུ་གཏོང་རྒྱུ་དེ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད་ལ། ཀྲུང་ཨ་རྒྱལ་ཁབ་ཆེན་པོ་གཉིས་ཀྱིས་འཛམ་གླིང་ལ་འཁུར་དགོས་ངེས་ཀྱི་འགན་འཁྲི་ཡང་རེད། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་དང་ཞི་མཐུན་མཉམ་གནས་དང་མཉམ་ལས་གཉིས་ཕན་ཐད་ཧུར་ཐག་གཞོལ་གྱི་ཡོད། ང་ཚོས་ཨ་རི་ཕྱོགས་དང་དཔལ་འབྱོར་ཚོང་དོན་དང་། མ་འཇོག ཚན་རྩལ། ནུས་རྒྱུ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་གཉིས་ཁེ་མཉམ་ལས་ལ་ཤུགས་སྣོན་དང་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་འབྲེལ་གཏུག་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མཉམ་དུ་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
     ཐེ་རོན་ཕུས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཨ་ཀྲུང་ཕྱོགས་གཉིས་ཀྱིས་མཐོ་རིམ་འབྲེལ་བ་རྒྱུན་འཁྱོངས་བྱ་རྒྱུ་དེ་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། ངས་ཙུང་ཐུང་གི་འགན་འཁུར་ཚུན་ཕྱོགས་གཉིས་པོའི་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱུང་བར་བློ་ཡིད་ཚིམ་པོ་བྱུང་། ངས་ཀྲུང་གོའི་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་ཡི་རངས་ཆེན་པོ་བྱེད་ཀྱི་ཡོད་ལ། ཀྲུང་གོའི་མི་དམངས་ལ་འཚམས་འདྲི་ཞུ་རྒྱུ་ཡིན། ཨ་ཀྲུང་གི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་ཨ་རིའི་མི་དམངས་ཀྱི་ཡོངས་ཁྱབ་ཀྱི་རྒྱབ་སྐྱོར་ཐོབ་ཡོད། མཉམ་ལས་རོགས་ཟླ་ཡིན་པའི་ཨ་ཀྲུང་ཕྱོགས་གཉིས་པོས་ཐུན་མོང་གི་འབད་བརྩོན་ལ་བརྟེན་ནས་ང་ཚོ་ཕྱོགས་གཉིས་པོའི་འབྲེལ་བ་ལོ་རྒྱུས་ཀྱི་མཐོ་ཚད་གསར་པར་སྐུལ་འདེད་གཏོང་ཐུབ་རྒྱུ་ཡིན་པ་རང་ཉིད་ལ་ཡིད་ཆེས་ཡོད། ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོས་དཔལ་འབྱོར་ཚོང་དོན་དང་མ་འཇོག་སོགས་ཁྱབ་ཁོངས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་གཞོལ་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཐེ་རོན་ཕུས་ཨ་རི་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པའི་ཚད་མཐོའི་གལ་ཆེའི་རང་བཞིན་ལ་ངས་བསམ་ཤེས་གང་ལེགས་བྱེད་ཀྱི་ཡོད་ལ། ཨ་རི་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
      ཐེ་རོན་ཕུས་ཨ་རི་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱ་རྒྱུ་ནན་བཤད་གནང་བར་ཞི་ཅིན་ཕིང་གིས་བསྔགས་བརྗོད་གནང་བ་དང་འབྲེལ་ཀྲུང་གོ་གཅིག་གི་རྩ་དོན་ནི་ཀྲུང་ཨའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་རེད་ཅེས་གསུངས་ཤིང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་འབྲེལ་བར་ཤུགས་སྣོན་རྒྱག་པ་དང་མཉམ་ལས་རྒྱ་ཆེར་བཏང་སྟེ་ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་གཡུར་ཟའི་གྲུབ་འབྲས་ཐོབ་པ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
     རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་འབྲེལ་བ་ཟབ་མོ་རྒྱུན་འཁྱོངས་བྱ་རྒྱུའི་མོས་མཐུན་གནང་རྗེས། ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་འཕྲལ་དུ་དགོངས་འཆར་བརྗེ་རེས་གནང་བ་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དང་འབྲེལ་མགྱོགས་མྱུར་ཞལ་འཛོམས་ཡོང་རྒྱུའི་རེ་སྒུག་གནང་བ་རེད།