མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《སྲིད་འཛིན་ཁྲིམས་འཛིན་ཡོངས་བསྒྲགས་
ལམ་ལུགས་དང་། ཁྲིམས་འཛིན་གྱི་བརྒྱུད་རིམ་ཧྲིལ་པོ་ཐོ་འགོད་ལམ་ལུགས། ཁྲིམས་
འཛིན་ཐག་གཅོད་གལ་ཆེན་གྱི་ཁྲིམས་ལུགས་ཞིབ་བཤེར་ལམ་ལུགས་
བཅས་ཁྱབ་གདལ་གཏོང་བའི་ཚོད་ལྟའི་ལས་ཀའི་
ཇུས་གཞི》དཔར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་13ཉིན། 11:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྲིད་འཛིན་ཁྲིམས་འཛིན་ཡོངས་བསྒྲགས་ལམ་ལུགས་དང་། ཁྲིམས་འཛིན་གྱི་བརྒྱུད་རིམ་ཧྲིལ་པོ་ཐོ་འགོད་ལམ་ལུགས། ཁྲིམས་འཛིན་ཐག་གཅོད་གལ་ཆེན་གྱི་ཁྲིམས་ལུགས་ཞིབ་བཤེར་ལམ་ལུགས་བཅས་ཁྱབ་གདལ་གཏོང་བའི་ཚོད་ལྟའི་ལས་ཀའི་ཇུས་གཞི》དཔར་འགྲེམས་བྱས་པ་རེད།
         《ཇུས་གཞིའི》ནང་ཐེན་ཅིན་གྲོང་ཁྱེར་དང་། ཧོ་པེ་ཞིང་ཆེན། ཨན་ཧུའེ་ཞིང་ཆེན། ཀན་སུའུ་ཞིང་ཆེན། རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་དང་དེ་བཞིན་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་སོགས་ས་གནས་དང་སྡེ་ཚན་32ལ་ཚོད་ལྟ་བྱ་རྒྱུ་རེད། ཚོད་ལྟ་བྱ་ཡུལ་ས་གནས་དང་སྡེ་ཚན་ཁག་གིས་སྲིད་འཛིན་ཆོག་འཐུས་དང་། སྲིད་འཛིན་ཆད་གཅོད། སྲིད་འཛིན་བཙན་ཤེད། སྲིད་འཛིན་བསྡུ་ལེན། སྲིད་འཛིན་གྲོན་བསྡུ། སྲིད་འཛིན་ཞིབ་བཤེར་བཅས་སྲིད་འཛིན་ཁྲིམས་འཛིན་གྱི་བྱ་སྤྱོད་རིགས་དྲུག་ལག་ལེན་བསྟར་རིང་སྲིད་འཛིན་ཁྲིམས་འཛིན་གྱི་ཡོངས་བསྒྲགས་ལམ་ལུགས་དང་། ཁྲིམས་འཛིན་གྱི་བརྒྱུད་རིམ་ཧྲིལ་པོའི་ཐོ་འགོད་ལམ་ལུགས། ཁྲིམས་འཛིན་ཐག་གཅོད་གལ་ཆེན་གྱི་ཁྲིམས་ལུགས་ཞིབ་བཤེར་ལམ་ལུགས་བཅས་ཁྱབ་གདལ་གཏོང་རྒྱུ་གཏན་འཁེལ་བྱས་ཡོད།
        《ཇུས་གཞིའི》ནང་སྲིད་འཛིན་ཁྲིམས་འཛིན་ཡོངས་བསྒྲགས་ལམ་ལུགས་དང་། ཁྲིམས་འཛིན་གྱི་བརྒྱུད་རིམ་ཧྲིལ་པོ་ཐོ་འགོད་ལམ་ལུགས། ཁྲིམས་འཛིན་ཐག་གཅོད་གལ་ཆེན་གྱི་ཁྲིམས་ལུགས་ཞིབ་བཤེར་ལམ་ལུགས་བཅས་ཁྱབ་གདལ་གཏོང་བའི་ཚོད་ལྟའི་ལས་དོན་སྤེལ་རྒྱུ་དེས་སྲིད་འཛིན་ལས་ཁུངས་ཀྱིས་ཡོངས་བསྒྲགས་ངང་ཤེས་དཔལ་ཁྲིམས་འཛིན་ཚད་ལྡན་དང་ནན་ཏན་ཡོང་བར་སྐུལ་མ་གཏོང་བ་དང་། སྲིད་འཛིན་ལས་ཁུངས་ཀྱིས་འགན་འཁྲི་ནུས་ལྡན་ངང་བསྒྲུབ་རྒྱུའི་འགན་ལེན་དང་ལྟ་སྐུལ་བྱེད་པ། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་འཁོད་ཡོད།
         《ཇུས་གཞིའི》ནང་ཚོད་ལྟའི་ཚན་པས་སྤྱི་ཚོགས་ལ་འབྲེལ་ཡོད་སྲིད་འཛིན་ཁྲིམས་འཛིན་གྱི་ཆ་འཕྲིན་ཁྲིམས་ལྟར་དུས་ཐོག་ཏུ་རང་འགུལ་ངང་ཡོངས་བསྒྲགས་བྱེད་དགོས་པ་དང་། སྲིད་འཛིན་ཁྲིམས་འཛིན་མི་སྣས་ཁྲིམས་འཛིན་བྱེད་རིང་རང་འགུལ་ངང་ཐོབ་ཐང་ཤོད་པ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས་པ། ཚོད་ལྟའི་ཚན་པས་ཡི་གེ་དང་སྒྲ་བརྙན་སོགས་ཀྱི་ཐོ་འགོད་བྱེད་ཐབས་བརྒྱུད་དེ་སྲིད་འཛིན་གྱི་ཁྲིམས་འཛིན་བྱ་སྤྱོད་ལ་ཐོ་འགོད་ཡིག་ཚགས་བཟོས་ནས་བརྒྱུད་རིམ་ཧྲིལ་པོའི་ཤུལ་མཐོང་རྒྱུ་ཡོད་པ་དང་སྔར་བྱས་ལ་ཕྱིར་མིག་ལྟ་བའི་དོ་དམ་ཐུབ་པ་བྱེད་དགོས་པ། ཚོད་ལྟའི་ཚན་པས་ཁྲིམས་འཛིན་གྱི་ཐག་གཅོད་གལ་ཆེན་མ་བྱས་གོང་ངེས་པར་དུ་ལུགས་མཐུན་རང་བཞིན་གྱི་ཞིབ་བཤེར་བྱས་ནས་ལུགས་མཐུན་རང་བཞིན་གྱི་ཞིབ་བཤེར་མ་བྱུང་བ་དང་ཞིབ་བཤེར་བྱས་ཀྱང་གྲོས་འཆམ་མ་བྱུང་རིགས་ལ་ཐག་གཅོད་བྱེད་མི་ཆོག་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།
         《ཇུས་གཞིའི》ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་དོན་ཁང་དང་། ཀྲུང་དབྱང་སྒྲིག་ཁོངས་གཞུང་དོན་ཁང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་པུའུ། མི་ཤུགས་སྤྱི་ཚོགས་པུའུ་སོགས་ལས་གྲུབ་པའི་ཚོད་ལྟའི་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་བཙུགས་ཏེ་ཚོད་ལྟའི་ལས་དོན་ལ་ཞིབ་འཇུག་དང་། མཐུན་སྦྱོར། མཛུབ་ཁྲིད་བཅས་བྱ་རྒྱུའི་བླང་བྱ་བཏོན་ཡོད་པ་རེད།