མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཕྱིར་སྡོད་རང་མིའི་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་19ཉིན། 14:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཕྱིར་སྡོད་རང་མིའི་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་བ་རེད། ཁོང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་རྒྱལ་ཕྱི་རྒྱལ་ནང་དུ་ཡོད་པའི་ཀྲུང་ཧྭའི་བུ་ཕྲུག་གིས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས། ཕྱི་རྒྱལ་དུ་ཡོད་པའི་རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླ་དང་ཕྱིར་ལོག་རང་མིའི་ཁྱིམ་མི་དང་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཁྲོད་ཀྱི་ཁོང་ཚོའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གལ་ཆེན་ཞིག་རེད་ཅེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་ཕྱིར་སྡོད་རང་མིའི་ལས་དོན་སྡེ་ཚན་གྱིས་ཏང་གི་ཕྱིར་སྡོད་རང་མིའི་ལས་དོན་གྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཁྲིམས་ལྟར་ཕྱིར་སྡོད་རང་མི་དང་ཕྱིར་ལོག་རང་མིའི་ཁྱིམ་མིའི་ཁེ་དབང་སྲུང་སྐྱོང་བྱས་ནས་རྒྱལ་ཁབ་དེང་རབས་ཅན་དུ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་དང་། མེས་རྒྱལ་ཞི་བའི་གཅིག་གྱུར་ཡོང་རྒྱུར་སྐུལ་འདེད། ཀྲུང་ཕྱིའི་མཛའ་གྲོགས་མཉམ་ལས་བྱ་རྒྱུར་སྐུལ་འདེད་སོགས་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་ཡོད་ཅེས་བསྟན་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱིར་ལོག་རང་མིའི་ཁྱིམ་མི་ནི་ཀྲུང་གོས་འཛམ་གླིང་དང་འབྲེལ་གཏུག་བྱེད་པའི་འབྲེལ་ཐག་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་རེད་ཅེས་གསུངས།