མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གོང་ཚེས་ཉིན་གྱི་སྔ་དྲོར། པེ་ཅིང་དུ་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ་དང་སྦྲགས། གསུང་བཤད་གལ་ཆེན་ཡང་གནང་ཞིང་། རྒྱལ་ཁབ་ཀྱི་བདེ་འཇགས་དུས་བབ་ཁོང་དུ་གནད་འཁེལ་ཆུད་པ་བྱས་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་ནན་ཏན་བྱས་ཐོག མི་དམངས་ཀྱི་བདེ་འཇགས་དམིགས་ཡུལ་དུ་བཟུང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་བདེ་འཇགས་ལམ་བུར་བསྐྱོད་པ་དང་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་བཏོད་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ལ་སྲ་ཞིང་བརྟན་པའི་བདེ་འཇགས་འགན་སྲུང་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ལི་ཁེ་ཆང་དང་ཀྲང་ཏེ་ཅང་བཞུགས་མོལ་ཚོགས་འདུར་ཕེབས་ཡོད་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག ཞི་ཅིན་ཕིང་གིས་དང་ཐོག་གསུངས་དོན། ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་དོན་ནི་ཚང་མའི་བསམ་འཆར་དང་གྲོས་འགོ་ཉན་པ་དང་རྒྱལ་ཁབ་བདེ་འཇགས་ཀྱི་དུས་བབ་ལ་དབྱེ་ཞིབ་བྱས་ནས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱ་རྒྱུ་ཡིན།
རྒྱལ་དོན་ཨུ་ཡོན། སྤྱི་བདེ་པུའི་པུའུ་ཀྲང་ཀོ་ཧྲེང་ཁུན་དང་། ཕྱི་འབྲེལ་པུའི་ཏང་ཨུད་ཧྲུའུ་ཅི། པུའུ་ཀྲང་གཞོན་པ་ཀྲང་ཡེ་སུའེ། ཧུའུ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཅང་ཁྲའོ་ལེང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་བཅས་ཀྱིས་ཁག་སོ་སོར་རང་སྡེ་ཚན་དང་རང་ས་གནས་ཀྱིས་རྒྱལ་ཁབ་བདེ་འཇགས་ལས་དོན་སྤེལ་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་དེ་བས་ཡག་པོ་བྱེད་པ་དང་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་སྒྲིག་སྲོལ་ལམ་སྲོལ་སོགས་འཐུས་ཚང་འཛུགས་རྒྱུའི་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།
ཚང་མའི་གཏམ་བཤད་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་རྒྱལ་ཁབ་བདེ་འཇགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་བཙུགས་པ་དང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བཏོན་ཏེ་རྒྱལ་ཁབ་བདེ་འཇགས་ཀྱི་འཐབ་ཇུས་བྱེད་ཕྱོགས་དང་སྤྱི་ཡོངས་ཀྱི་བཀོད་སྒྲིག་ཁ་གསལ་བཏོན་ནས་རྒྱལ་ཁབ་བདེ་འཇགས་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་རྒྱུར་སྐུལ་སྤེལ་བཏང་ཡོད་ཅེས་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྱབ་ཁོངས་ཧ་ཅང་ཆེ་བ་དང་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཁྲོད་ཀྱི་གལ་ཆེའི་རང་བཞིན་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་ཡི་ཡོད། ང་ཚོས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་འཐབ་རྩོད་དང་། ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་བཅས་ལ་སྐུལ་འདེད་གཏོང་བཞིན་དུ་ཉེན་ཁ་དང་ཚོད་བགམ། འགྲན་རྩོད་ཆེན་པོ་བཅས་སྣ་ཚོགས་དང་དུས་དང་རྣམ་པ་ཀུན་དུ་ཁ་གཏད་གཅོག་བཞིན་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱལ་ཁབ་བདེ་འཇགས་ཀྱི་དུས་བབ་ལ་ངོས་འཛིན་གསལ་པོ་བྱས་ནས་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱས་ཏེ། རྒྱལ་སྤྱིའི་སྒྲིག་ལམ་གྱི་འགྱུར་ལྡོག་ཆེན་པོར་གཞི་བཙུགས་ནས་ཆོས་ཉིད་ཁོང་དུ་ཆུད་པ་དང་། ཉེན་ཁ་སྔོན་འགོག་གི་སྔོན་འགྲོ་ཆེན་པོ་དེར་གཞི་འཛུགས་ནས་སྤྱི་འདོམས་བྱེད་པ། རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་གྱི་གོ་སྐབས་ཀྱི་རྒྱབ་ལྗོངས་ཆེ་མོར་གཞི་འཛུགས་ནས་འཆར་གཞི་འགོད་པ་བཅས་བྱེད་དགོས།
ཞི་ཅིན་ཕིང་གིས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་མ་ཟད། ཆབ་སྲིད་བདེ་འཇགས་དང་། དཔལ་འབྱོར་བདེ་འཇགས། རྒྱལ་ཁབ་ས་ཆའི་བདེ་འཇགས། སྤྱི་ཚོགས་བདེ་འཇགས། དྲ་རྒྱའི་བདེ་འཇགས་སོགས་ཕྱོགས་ཁག་གི་བདེ་འཇགས་ལས་དོན་ལ་དམ་འཛིན་མངོན་གསལ་དོད་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས། ཏང་གིས་རྒྱལ་ཁབ་བདེ་འཇགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་ནི་རྒྱལ་ཁབ་བདེ་འཇགས་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་རྩ་དོན་ཡིན་ཞེས་ནན་བཤད་གནང་བ་རེད།