མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་སྔར་བས་སྐུལ་འདེད་
ཡག་པོ་བཏང་ནས་དུས་བཀག་བཞིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་མངོན་
འགྱུར་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་24ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་21ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དུས་བབ་དང་གནད་སྨིན་དབུལ་སྐྱོར་སྔར་བས་ཡག་པོ་བྱེད་པའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་དགུ་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། ཁ་དན་ཚིག་གནས་ལ་གྲུབ་འབྲས་ཐོབ་པ་བྱེད་དགོས། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུས་བཀག་བཞིན་དབུལ་སྒྲོལ་བྱ་རྒྱུ་དང་། རྫོང་དབུལ་པོ་ཚང་མའི་དབུལ་ཞྭ་འབུད་རྒྱུ། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་པོའི་གནད་དོན་ཐག་གཅོད་བྱ་རྒྱུ་བཅས་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་མཐའ་ཚད་ཀྱི་ལས་འགན་ཞིག་ཡིན་ལ་ང་ཚོས་བཞག་པའི་གཟི་བརྗིད་ཆེ་བའི་དམ་བཅའ་ཞིག་ཀྱང་ཡིན། འགོ་ཁྲིད་ཀྱི་འགན་འཁྲི་དང་། མ་དངུལ་གཏོང་བ། སྡེ་ཚན་གཞོགས་འདེགས། ཤར་ནུབ་མཐུན་སྦྱོར། སྤྱི་ཚོགས་ཀྱི་མཉམ་ཤུགས། གཞི་རིམ་གྱི་གསོན་ཤུགས། ལས་འགན་དོན་འཁྱོལ་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་འགག་སྒྲོལ་དཀའ་སེལ་བྱེད་པ་དང་སྔར་བས་ལྷག་པའི་སྒོ་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་སྐུལ་འདེད་བཏང་སྟེ་དུས་བཀག་བཞིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
            ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་ལ་བཀོད་སྒྲིག་གསར་པ་གནང་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་དུང་བརྡ་བསྒྲགས་པས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། 2013ལོ་ནས་2016ལོ་བར་གྱི་ལོ་བཞིའི་རིང་ལོ་རེར་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་1000ཉུང་དུ་ཕྱིན་ནས་རིམ་རྩིས་བྱས་ན། མི་ཁྲི་5564དབུལ་སྒྲོལ་ཐུབ་པ་དང་། དབུལ་པོར་གྱུར་ཚད་2012ལོའི་ལོ་མཇུག་གི་10.2%ནས་2016ལོའི་ལོ་མཇུག་གི་4.5%བར་ཆག་སྟེ་བརྒྱ་ཆའི་གྲངས་5.7ཆག་པ། ས་ཁུལ་དབུལ་པོའི་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་དང་མང་ཚོགས་དབུལ་པོའི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཏེ་ས་ཁུལ་དབུལ་པོའི་རྣམ་པ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ཕྱོགས་ཡོངས་ནས་བལྟས་ཚེ། ཏང་ཀྲུང་དབྱང་གིས་གཏན་འབེབས་གནང་བའི་ཀྲུང་དབྱང་གིས་སྤྱི་འདོམས་བྱེད་པ་དང་། ཞིང་ཆེན་གྱིས་འགན་ཡོངས་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་པའི་དོ་དམ་སྒྲིག་གཞི་ལག་བསྟར་ཐུབ་པ་དང་། གདུང་བཞི་ཀ་བརྒྱད་ཀྱི་རྩེ་རིམ་ཇུས་འགོད་སྤྱིར་ན་ཆགས་པ། ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ལེགས་པོ་ཐུབ་པ། ཕྱོགས་ཁག་ཚང་མས་ལས་དོན་སྤེལ་བཞིན་ཡོད་པ་བཅས་རེད། དངོས་ཡོད་ལག་ལེན་ཁྲོད་ང་ཚོར་ཕན་འབྲས་ཐོན་པའི་ཉམས་མྱོང་མི་ཉུང་བ་ཞིག་ཆགས་ཡོད་པ་དག་མདོར་བསྡུས་ནས་བཤད་ན་གཙོ་བོ་འདི་དག་སྟེ། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་ནི་རྩ་བ་དང་། གནད་སྨིན་ཁོང་དུ་ཆུད་པ་བྱ་རྒྱུ་ནི་དོན་སྙིང་། གཏོང་ཆ་མང་དུ་གཏོང་རྒྱུ་ནི་འགན་ལེན། ཕྱོགས་ཁག་མཉམ་དུ་ཞུགས་རྒྱུ་ནི་མཉམ་ཤུགས། མང་ཚོགས་ཞུགས་རྒྱུ་ནི་རྨང་གཞི་བཅས་ཡིན། ཉམས་མྱོང་དེ་དག་ཧ་ཅང་རྩ་ཆེན་ཡིན་པས་ཡུན་རིང་མཐའ་འཁྱོངས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་དཀའ་ཚེགས་ཆེ་བའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས། སླད་ཕྱིན་གྱི་ལོ་ཤས་ནང་རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཧ་ཅང་ལྕི་པོ་ཡོད་པས། ཕྱིས་སུ་དབུལ་སྒྲོལ་གྱི་དཀའ་གནད་དེ་བས་ཆེ་རུ་འགྲོ་ངེས་རེད། གང་ལགས་ཤེ་ན། ཕྱིས་སུ་ལས་རྒྱུ་མང་ཆེ་བ་ནི་ཆ་རྐྱེན་ཅུང་ཞན་པ་དང་། རྨང་གཞི་ཅུང་ཞན་པ། དབུལ་པོར་གྱུར་ཚད་ཅུང་མཐོ་བ་བཅས་ཀྱི་ས་ཁུལ་དང་མང་ཚོགས་ཡིན་པས་རེད། ཤིན་ཏུ་དབུལ་བའི་ས་ཁུལ་དེ་ཉིད་ས་ཁོངས་འགག་སྒྲོལ་གྱི་གཙོ་གནད་དུ་བརྩིས་ནས་སྔོན་གཏན་འཁེལ་བའི་དུས་ཚིགས་ནང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་བསྒྲུབ་རྒྱུ་འགན་ལེན་བྱེད་དགོས་ཞེས་བསྟན་གནང་བ་རེད།
          ཞི་ཅིན་ཕིང་གིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མཐའ་འཁྱོངས་བྱེད་དགོས། གནད་སྨིན་དབུལ་སྐྱོར་གྱི་རྨང་གཞི་བརྟན་དུ་གཏོང་བར་ཡིག་ཚགས་དང་གཱ་བཟོ་བ་དང་། མི་འབོར་དབུལ་པོའི་གཞི་གྲངས་མཐིལ་རྟོགས་བྱེད་པ། ལས་དོན་ཏན་ཏིག་དང་ཞིབ་ཚགས་ངང་སྒྲུབ་པ་བཅས་བྱས་ཏེ་འགུལ་རྣམ་ལེགས་སྒྲིག་ཡོང་བ་བྱེད་དགོས། དབུལ་སྐྱོར་བྱེད་ཐབས་ཀྱི་ནུས་ཕྱོད་རང་བཞིན་ཆེ་རུ་གཏོང་བར་སྲོག་ཤིང་ནི་ཡུལ་བབ་དང་བསྟུན་པ་དང་མི་དང་དུད་ཚང་ལ་གཞིགས་ནས་སྲིད་ཇུས་ལག་ལེན་བསྟར་རྒྱུ་ཡིན་པ་དང་། ཐོན་ལས་ཀྱི་དབུལ་སྐྱོར་མངོན་གསལ་དོད་དུ་གཏོང་བ། རྩ་འཛུགས་ཅན་གྱི་ཚད་མཐོ་རུ་གཏོང་བ། མི་འབོར་དབུལ་པོ་དབུལ་སྒྲོལ་བྱེད་པའི་དཔལ་འབྱོར་དངོས་ཚན་སྐྱེད་སྲིང་དང་སྐུལ་ཁྲིད་བཅས་བྱེད་དགོས། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་རྒྱུར་སྒྲིག་འཛུགས་ཡག་པོ་བྱེད་པར་མང་ཚོགས་ཀྱི་རང་མོས་རྩ་དོན་མཐའ་འཁྱོངས་བྱེད་པ་དང་། འཛུགས་སྐྲུན་གཞི་ཁྱོན་དང་མ་གནས་ལུགས་མཐུན་ངང་ཚོད་འཛིན་བྱེད་པ། རྗེས་མཐུད་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། རིམ་གྱིས་ཕྱུག་པོ་ཆགས་ཐུབ་པ་བཅས་བྱེད་དགོས། དབུལ་སྐྱོར་ངལ་ནུས་རོགས་ལས་ལ་ཤུགས་སྣོན་རྒྱག་པར་གསོ་སྦྱོང་གི་དམིགས་སའི་རང་བཞིན་དང་ངལ་ནུས་ཕྱིར་གཏོང་གི་རྩ་འཛུགས་ཅན་གྱི་ཚད་གཞི་མཐོ་རུ་གཏོང་བ་དང་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་བཏང་ནས་ས་ཆ་དེ་རང་དང་ཐག་ཉེ་སར་ལས་ཞུགས་ཐུབ་པ་བྱ་རྒྱུར་སྐུལ་ལྕག་གཏོང་དགོས། སློབ་གསོ་དབུལ་སྐྱོར་དང་བདེ་ཐང་དབུལ་སྐྱོར་གྱི་སྲིད་ཇུས་དོན་འཁྱོལ་བྱེད་པར་ཁྱིམ་ཚང་དབུལ་པོའི་ནད་ཆེན་དང་། གཅོང་ནད། སློབ་མ་སློབ་གྲྭར་བསྐྱོད་དཀའ་བ་སོགས་ཀྱི་གནད་དོན་མངོན་གསལ་དོད་པོས་ཐག་གཅོད་བྱེད་དགོས། སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བར་ནོར་སྲིད་དང་ས་ཞིང་སོགས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་འགྲིམ་འགྲུལ་དབུལ་སྐྱོར་དང་། ཆུ་བེད་དབུལ་སྐྱོར། དངུལ་རྩའི་དབུལ་སྐྱོར། སློབ་གསོའི་དབུལ་སྐྱོར། བདེ་ཐང་གི་དབུལ་སྐྱོར་སོགས་དབུལ་སྐྱོར་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་བཏང་སྟེ་གྲངས་ཉུང་ཡིད་རྟོན་དངུལ་བུན་དང་དབུལ་སྐྱོར་དངུལ་བུན་བསྐྱར་མ་གཡར་བ་སོགས་སྲིད་ཇུས་མངོན་གསལ་དོད་པོ་དང་གནད་སྨིན་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས། གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་ཤིང་། གྲོང་ཚོ་དབུལ་པོའི་ཨུ་ལྷན་གཉིས་འཛུགས་རྒྱུར་ཤུགས་སྣོན་རྒྱག་པར་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་ལས་དོན་གཏིང་ཟབ་སྤེལ་བ་དང་། གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཚན་ཁག་ཧྲག་འདེམས་བྱེད་པ། གྲོང་གསེབ་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པ་གསོ་སྐྱོང་བྱེད་པ། གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་རང་ཡུལ་དུ་ལོག་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས“ནམ་ཡང་ཁ་མི་འབྲལ་བའི་དབུལ་སྐྱོར་ལས་དོན་རུ་ཁག”ཅིག་གཏོད་དགོས། འཐབ་ས་དང་པོའི་དབུལ་སྐྱོར་ལས་དོན་དཔུང་ཁག་འཐུས་ཚང་དུ་གཏོང་བར་གྲོང་ཚོ་དབུལ་པོའི་ཧྲུའུ་ཅི་དང་པོ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ནུས་པ་འདོན་སྤེལ་བྱེད་པ་དང་ལག་ལེན་ཁྲོད་ལས་བྱེད་པ་གསོ་སྦྱོང་དང་སྦྱོང་བརྡར་བྱས་ནས་འཐབ་ཐུབ་པ་དང་འཐབ་མཁས་པའི་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་དགོས། གྲོང་ཚོའི་ལས་བྱེད་པས་གྲོང་ཚོར་ལས་དོན་སྒྲུབ་སྐབས་དཀའ་ཚེགས་ཆེ་བས་ཁོང་ཚོར་སེམས་ཁུར་མང་ཙམ་བྱེད་དགོས་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས། དབུལ་སྒྲོལ་འགག་སྒྲོལ་གྱི་ཡང་དག་ཁ་ཕྱོགས་སྟངས་འཛིན་ཐུབ་པ་བྱེད་དགོས་ཤིང་། རིམ་གྱིས་ནང་དོན་གསར་པ་དང་བླང་བྱ་གསར་པ་འདོན་རྒྱུ་བཀག་འགོག་བྱས་ནས་ནུས་པས་ལྕོགས་ཚོད་སྒྲུབ་པ་དང་། བདེན་པ་དང་བློས་འཁེལ། སྤུས་ཚད་འགན་ལེན་བཅས་བྱེད་དགོས། ཕྱི་ཚུལ་རིང་ལུགས་བཀག་འགོག་བྱས་ནས་དབུལ་པོ་དངོས་འབྲེལ་སྐྱོར་བ་དང་དངོས་འབྲེལ་དབུལ་སྐྱོར་ཐུབ་པ་བྱེད་པ་དང་། དབུལ་སྐྱོར་ལས་དོན་ངེས་པར་དུ་དམ་པ་དོན་གཉེར་ཡོང་བ་བྱེད་པ། དབུལ་སྒྲོལ་བརྒྱུད་རིམ་ངེས་པར་དུ་ཏན་ཏིག་ཡོང་བ་བྱེད་པ། དབུལ་སྒྲོལ་གྲུབ་འབྲས་ངེས་པར་དུ་དོན་དངོས་ཡིན་པ་བཅས་བྱས་ཏེ་དབུལ་སྒྲོལ་ཕན་འབྲས་ལ་མང་ཚོགས་ཀྱི་ཁས་ལེན་ཐོབ་པ་དང་ལག་ལེན་དང་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་ཐུབ་པ་བྱེད་དགོས། ཆེས་ནན་པའི་དཔྱད་ཞིབ་ཚོད་སྐོར་ལག་བསྟར་བྱེད་པ་དང་། ལྟ་སྐུལ་ཞིབ་བཤེར་དང་སྐོར་བཤེར་བྱེད་པ། ནན་མིན་དྲང་མིན་དང་མི་བདེན་རྫུན་སྒྲིག་བྱེད་པའི་རིགས་ལ་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས། དབུལ་སྐྱོར་མ་དངུལ་དོ་དམ་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དབུལ་སྐྱོར་མ་དངུལ་གཞན་སྤྱོད་དང་ལྐོག་ཟའི་བྱེད་སྤྱོད་རིགས་ངེས་པར་དུ་ཡོ་བསྲང་མཐའ་གཅིག་ཏུ་དང་ཐག་གཅོད་ནན་པོ་བྱེད་དགོས་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ལས་བྱེད་མང་ཚོགས་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་སྟོབས་ཤུགས་གལ་ཆེན་དང་མང་ཚོགས་དབུལ་པོ་ནི་དབུལ་སྒྲོལ་འགག་སྒྲོལ་བྱ་ཡུལ་ཡིན་ལ་དབུལ་སྒྲོལ་ཕྱུག་འགྱུར་གྱི་བྱེད་པོ་ཡང་དེ་བས་ཡིན། དེས་ན་དབུལ་སྐྱོར་དང་རིག་སྐྱོར་ཟུང་འབྲེལ་བྱ་རྒྱུར་སྣང་ཆེན་གྱིས་མང་ཚོགས་དབུལ་པོའི་ཧུར་སེམས་དང་རང་འགུལ་རང་བཞིན་སྐོང་འཐེན་གང་ལེགས་བྱེད་པ་དང་། མང་ཚོགས་དབུལ་པོར་བྱེད་པོའི་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བྱེད་པ། རང་སྟོབས་རང་སྤེལ་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། དབུལ་པོའི་རྣམ་པར་འགྱུར་ལྡོག་གཏོང་བའི་ངར་ཤུགས་དང་ཆོད་སེམས་འཕེལ་བ་བཅས་བྱས་ཏེ་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ལས་དབང་ལ་འགྱུར་ལྡོག་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།