མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་
ཐེངས་ཉེར་དྲུག་པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྙན་སྒྲོན་
གྱི་མ་ཟིན་ལ་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་ཞིབ་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་25ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་23ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་དྲུག་པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གྱི་མ་ཟིན་ལ་གྲོས་ཞིབ་བྱས་པ་རེད། ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གྲོས་ཞིབ་ནང་ཞུགས་པ་རེད།
           ཚང་མས་འདས་ཟིན་པའི་ལོ་གཅིག་རིང་གི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་ཕྱིར་དྲན་དང་ཕྱོགས་སྡོམ་བྱས་ཤིང་། ཚང་མས་ཁྱད་ཆོས་མངོན་གསལ་དོད་པ་དང་བཀྲག་མདངས་འཚེར་ས་མང་བས། གཏིང་ཟབ་ཏན་ཏིག་བྱུང་ཡོད་ལ་ཕན་འབྲས་ཀྱང་ཆེན་པོ་ཐོབ་ནས་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད། ལྷག་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བློ་བརྟན་འགྱུར་མེད་ངང་རྒྱུན་འཁྱོངས་བྱས་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱས་པ། དོན་ཆེན་དང་ལས་དོན་གལ་ཆེན་ཐད་འགན་འཁུར་ཕོད་པ་དང་ལས་དོན་སྒྲུབ་མཁས་པ། ལེའོ་ཉིང་གི་འདེམས་ཤོག་བསླུ་ཉོའི་གྱོད་གཞིའི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གནད་དོན་ལ་གསར་གཏོད་རང་བཞིན་ལྡན་པའི་ངང་ཐག་གཅོད་བྱས་པ། ཤང་ཀང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་དོན་ཚན་བརྒྱ་དང་བཅུ་མེད་བཞི་ལ་ཁྲིམས་བཞིན་གསལ་འགྲེལ་བྱེད་པ་བཅས་བྱས་ནས་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་ལས་དོན་སྤེལ་རྒྱུའི་གཏན་འབེབས་བྱས་ཡོད། ཁྲིམས་འཛུགས་ལས་དོན་ཐད་གྲུབ་འབྲས་གསར་པ་རྒྱུན་མཐུད་ཐོབ་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་སྐྱོང་འཛུགས་སྐྱོང་ལ་འཕེལ་རྒྱས་གལ་ཆེན་བྱུང་བ། དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་གྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་ཐུབ་པ། བཅའ་ཁྲིམས་གལ་ཆེན་ཁག་གཅིག་སྔ་རྗེས་སུ་བཏོན་པ་དང་ཁྲིམས་འཛུགས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། ཁྲིམས་སྐྱོང་འོག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། སྒྱུར་བཅོས་ཁྲོད་ཁྲིམས་སྐྱོང་ལེགས་བཅོས་བྱེད་པ། བཅའ་ཁྲིམས་བཟོ་བཅོས་ལ་སྤྱི་འདོམས་བྱེད་པ་དང་དབང་ཆ་སྤྲོད་རྒྱུའི་གཏན་འབེབས་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་པ་བརྒྱུད་སྒྱུར་བཅོས་ལ་རྒྱབ་སྐྱོར་དང་སྐུལ་འདེད་བཏང་བ་དང་། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་སྒྱུར་བཅོས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དུས་ཐོག་ཏུ་བཅའ་ཁྲིམས་སུ་རིམ་སྤོར་བྱས་ཡོད། མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་སེམས་ཁུར་བྱེད་པའི་གནད་དོན་གཙོ་གནད་དུ་བཟུང་ནས་ཁྲིམས་འཛིན་ཞིབ་བཤེར་དང་ལས་དོན་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། ཨུ་ཡོན་ཀྲང་དང་ཨུ་ཡོན་ཀྲང་གཞོན་པས་སྣེ་ཁྲིད་ནས་ཁྲིམས་འཛིན་ཞིབ་བཤེར་བྱས་ཏེ་ཁྲིམས་འཛིན་ཞིབ་བཤེར་ལས་དོན་གྱི་བརྒྱུད་རིམ་ལ་འཚོལ་ཞིབ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། གསར་གཏོད་བྱ་ཐབས་ལ་མཐོང་ཆེན་དང་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ་ལྟ་སྐུལ་ལས་དོན་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་ཧུར་ཐག་བཏང་ཡོད། འཐུས་མིས་བྱེད་པོའི་ནུས་པ་འདོན་སྤེལ་བྱེད་རྒྱུར་རྒྱབ་སྐྱོར་དང་འགན་ལེན་བཅས་བྱས་ཏེ་རྒྱུན་ལས་ཨུ་ལྷན་དང་འཐུས་མི་དང་། འཐུས་མི་དང་མི་དམངས་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་དང་རྒྱ་ཆེར་བཏང་སྟེ་དམངས་ཀྱི་རེ་འདུན་ལ་ངས་ལན་ཧུར་ཐག་འདེབས་ཐུབ་པ་བྱས་ཡོད་པའི་ངོས་འཛིན་བྱས་པ་རེད།