མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཙུང་ལི་ལི་ཁེ་ཆང་གི་2016ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་02ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         གསུམ་ནས་སྤུས་ལེགས་ཕན་ཆེར་མཐོང་ཆེན་བྱས་ཏེ། ཐོན་ལས་གསར་གཏོད་དང་རིམ་པ་འཕར་བར་བྱས་ཡོད། གསར་གཏོད་སྒུལ་ཤུགས་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་གྱི་རྩ་གནད་དང་བསམ་འཆར་བཟོས་པ་དང་། མི་མང་ལས་འབྱེད་དང་། དམངས་ཀྱི་གསར་གཏོད་སྲིད་ཇུས་དང་བྱེད་ཐབས་བཏོན་པ། “དྲ་སྦྲེལ་+”ཀྱི་བྱ་སྤྱོད་འཆར་གཞི་དོན་འཁྱོལ། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཡོད། མངོན་འགྱུར་མཁན་འབོར་ཆེན་ཞིག་ལས་སྐྲུན་གསར་གཏོད་བྱེད་ལམ་དུ་བསྐྱོད་པ་རེད། ཞིང་ལས་ཀྱི་རོགས་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ། ཞིང་ལས་འཕེལ་རྒྱས་གཏོང་སྟངས་གང་མྱུར་བསྒྱུར་བའི་སྐུལ་སྤེལ་བཏང་ཡོད། བཟོ་ལས་ཀྱི་འཕེལ་ཚད་ཆག་པ་དང་། ཁེ་ལས་ཀྱི་ལས་ཕྱོད་ཞན་དུ་སོང་བར་དམིགས་ཏེ། ང་ཚོས་ཕྱོགས་གཅིག་ནས་གསར་དར་ཐོན་ལས་གསོ་སྤེལ་དམ་འཛིན་བྱས་པ་དང་། ཕྱོགས་གཞན་ཞིག་ནས་སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་རིམ་སྤོར་དམ་འཛིན་བྱས་ཡོད། 《ཀྲུང་གོས་བཟོས་པ་2025》དོན་འཁྱོལ་བྱེད་འགོ་བརྩམས་པ་དང་། རྒྱལ་ཁབ་ཀྱི་གསར་དར་ཐོན་ལས་ཀྱི་ལས་སྐྲུན་དང་མ་དངུལ་འཇོག་པར་ཁྲིད་སྟོན་བྱེད་པའི་ཐེབས་རྩ་དང་། ཁེ་ལས་ཆུང་འབྲིང་འཕེལ་རྒྱས་གཏོང་བའི་ཐེབས་རྩ་འཛུགས་པ། རྒྱལ་ཁབ་ཀྱི་རང་བདག་གསར་གཏོད་དཔེ་སྟོན་ཁུལ་རྒྱ་ཆེ་རུ་བཏང་བ་བཅས་བྱས་ཡོད། ཐོན་ནུས་ལྷག་ཐལ་ཆེ་བ་སེལ་གང་ཐུབ་བྱས་པ་དང་། ཁེ་ལས་ཟླ་སྒྲིལ་དང་བསྐྱར་སྒྲིག་ལ་སྐུལ་སྤེལ་བཏང་ཡོད། ཉེ་ལོ་གསུམ་གྱི་རིང་ངར་ལྕགས་བཙོ་སྦྱང་ལྕགས་བཞུའི་ཐོན་ནུས་རྗེས་ལུས་ཏུན་ཁྲི་9000ལྷག་ཙམ་དང་། ཨར་འདམ་ཏུན་དུང་ཕྱུར་2.3 ངོས་སྙོམས་ཤེལ་སྒོ་ལྗིད་ཆེའི་སྒམ་ཁྲི་7600ལྷག་ཙམ། གློག་འབྱེད་ཧ་ཡང་ཏུན་ཁྲི་100ལྷག་ཙམ་བཅས་དོར་ཡོད། ཐོན་སྐྱེད་རང་བཞིན་དང་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་སྒོ་འཕེལ་རྒྱས་ཇེ་མགྱོགས་སུ་འགྲོ་བར་བྱས་ཡོད། ནུས་བསྲི་སྙིགས་འཕྲི་དང་ཁོར་ཡུག་སྲུང་སྐྱོང་དམ་འཛིན་ཤུགས་ཆེན་བྱས་པ་དང་། གཅུན་འདོམས་ཀྱི་རང་བཞིན་ལྡན་པའི་དམིགས་ཚད་ཁག་ཚད་ལས་བརྒལ་ཏེ་ལེགས་གྲུབ་བྱས་ཡོད། རང་རྟོགས་ཀྱི་སྙིགས་འཕྲིའི་བྱ་སྤྱོད་ལ་དམིགས་ཚད་ཡོངས་བསྒྲགས་བྱས་པ་དང་། རྒྱལ་སྤྱིའི་གནམ་གཤིས་འགྱུར་བའི་གྲོས་མོལ་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པའི་སྐུལ་སྤེལ་བཏང་ཡོད།
         བཞི་ནས་འཕེལ་རྒྱས་གཏོང་རྒྱ་བསྐྱེད་པར་དམིགས་ནས། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་ལ་སྐུལ་སྤེལ་བཏང་ཡོད། ཤར་དབུས་ནུབ་གསུམ་དང་། བྱང་ཤར་ས་ཁུལ་བཅས“ཆེ་ཁུལ་ཁག་བཞི”མུ་མཐུད་མཐུན་སྦྱོར་ངང་འཕེལ་རྒྱས་བཏང་བ་དང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་། པེ་ཅིང་དང་ཐེན་ཅིན་ཧོ་པེ་གསུམ་མཐུན་སྦྱོར་ངང་འཕེལ་རྒྱས། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་བཅས“འཐབ་ཇུས་ཆེ་ཁག་གསུམ”གཙོ་གནད་དུ་སྐུལ་སྤེལ་བཏང་བ། རྨང་གཞིའི་སྒྲིག་བཀོད་དང་། ཐོན་ལས་ཀྱི་བཀོད་པ། སྐྱེ་ཁམས་ཁོར་ཡུག་སོགས་པའི་ལས་གཞི་ཆེ་རིགས་གལ་ཆེན་ཁག་གཅིག་ལག་བསྟར་བྱས་ཡོད། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་དང་། ཤིན་ཅང་བཅས་འཕེལ་རྒྱས་ཡོང་བར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་གཏན་འབེབས་དང་དོན་འཁྱོལ་བྱས་ཡོད། ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་སྤེལ་བཏང་བ་དང་། གནས་སྡོད་ཆོག་པའི་ལག་ཁྱེར་ལམ་ལུགས་བཟོས་ཤིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བས། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།
         ལྔ་ནས་དམངས་གཙོའི་བདེ་རྩ་ལེགས་སུ་འགྲོ་བར་རྩེ་གཅིག་ཏུ་དམིགས་ཏེ། སྤྱི་ཚོགས་ཀྱི་བྱ་གཞག་སྒྱུར་བཅོས་དང་འཕེལ་རྒྱས་ཡོང་བར་བྱས་ཡོད། ནོར་ཤུགས་འདང་དཀའ་བའི་གནས་ཚུལ་འོག དམངས་འཚོ་འགན་སྲུང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད། སྲིད་ཇུས་གསར་པ་བཏོན་ནས། སློབ་ཆེན་ཐོན་པའི་སློབ་མ་དང་ལས་ཞུགས་དཀའ་ངལ་ཡོད་པའི་མི་ཚོགས་ཀྱི་ལས་ཞུགས་ལས་སྐྲུན་གྱི་དཀའ་ངལ་གཙོ་གནད་དུ་ཐག་གཅོད་བྱས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གཞིའི་སྡོད་ཁང་ཆ་འགྲིག་ཁྲི་772རྩ་བའི་ཆ་ནས་བསྐྲུན་པ་དང་། སྡོད་ཁང་ཐབ་ཆག་ཁུལ་གྱི་ཁང་པ་ཆ་འགྲིག་ཁྲི་601ལེགས་བཅོས་ཀྱི་ལས་འགོ་བཙུགས་ཤིང་། གྲོང་གསེབ་ཀྱི་ཉེན་ཅན་ཁང་པ་ཐེམ་དུད་ཁྲི་432བསྒྱུར་བཀོད་བྱས་པས། སྡོད་ཁང་དཀའ་ངལ་ཡོད་པའི་ཁྱིམ་ཚང་འབོར་ཆེན་ཞིག་གི་བདེ་སྡོད་ཀྱི་རེ་བ་བསྐངས་ཡོད། དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོ་ཞན་པའི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལེགས་བཅོས་ཇེ་མགྱོགས་སུ་བཏང་བ་དང་། སློབ་གྲྭ་ཆུང་འབྲིང་དགེ་རྒན་གྱི་མཚན་གནས་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱས་ཤིང་། གཙོ་གནད་སློབ་ཆེན་གྱིས་དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་སློབ་མ་བསྡུ་གྲངས་ལོ་གོང་མའི་དུས་མཉམ་ལས་10.5%འཕར་ཡོད། རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་ཀྱིས་སྒྱུར་བཅོས་ཁྱོན་ཡོངས་ནས་བྱེད་འགོ་བཙུགས་པ་དང་། གྲོང་མིའི་ནད་ཆེན་འགན་བཅོལ་རྒྱ་བསྐྱེད་པ་དང་། ནད་གཞི་ཚབས་ཆེན་དང་ཤིན་ཏུ་ཚབས་ཆེན་གྱི་སྨན་བཅོས་རོགས་སྐྱོབ་ལམ་ལུགས་བཙུགས་པ། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་པར་འཚོ་བའི་ཁ་གསབ་དང་དབང་པོ་སྐྱོན་ཅན་པ་ཚབས་ཆེན་ལ་ནད་གཡོག་རྒྱུག་པའི་ཁ་གསབ་ལམ་ལུགས་བཙུགས་ཡོད། དམའ་སྲུང་དང་། གཟིགས་སྐྱོང་། ཁེ་ལས་ཀྱི་ལས་འཁྱུར་བའི་གཞི་རྩའི་རྒན་གསོའི་འཚོ་དངུལ་སོགས་པའི་ཚད་གཞི་མཐོ་རུ་བཏང་བ་དང་། ལས་ཁུངས་དང་བྱ་ལས་སྡེ་ཚན་གྱི་རྒན་གསོའི་འགན་བཅོལ་ལམ་ལུགས་སྒྱུར་བཅོས་བྱས་པ་མ་ཟད། གླ་ཕོགས་ལམ་ལུགས་ཀྱང་འཐུས་སྒོ་ཚང་དུ་བཏང་ཡོད། མ་མཐའི་སྤྱི་པའི་རིག་གནས་ཞབས་ཞུ་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། རྒྱ་ཆེའི་མི་དམངས་མང་ཚོགས་ལ་འཐོབ་ཚོར་ཇེ་ཆེར་འབྱུང་བཞིན་ཡོད།
         དྲུག་ནས་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་གནས་ལ་གཞོལ་བ་དང་། ཁྲིམས་མཐུན་ལྟར་སྲིད་འཛིན་དང་བཅོས་སྐྱོང་བྱེད་ཐབས་གསར་དུ་གཏོད་པར་སྐུལ་སྤེལ་བཏང་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་བཅའ་ཁྲིམས་ཀྱི་གྲོས་གཞི་ཁག་11ལ་གྲོས་ཞིབ་གནང་རེ་བཏོན་པ་དང་། སྲིད་འཛིན་གྱི་ཁྲིམས་སྲོལ་ཁག་8གཏན་འབེབས་དང་དག་བཅོས་གནང་རེ་ཞུས་ཡོད། སྲིད་དོན་ཡོངས་བསྒྲགས་ཁྱབ་སྤེལ་གང་མགྱོགས་བྱས་པ་དང་། གློག་རྡུལ་སྲིད་དོན་དང་དྲ་ཐོག་དོན་གཅོད་ཁྱབ་སྤེལ་བཏང་ཡོད། སྲིད་ཇུས་གལ་ཆེན་དོན་འཁྱོལ་བྱེད་པར་ལྟ་བཤེར་གྱི་འགན་འདྲིའི་ལམ་སྲོལ་བཙུགས་པ་དང་། ཕུང་གསུམ་པའི་གདེང་འཇོག་ཁྱབ་སྤེལ་བྱས་ཡོད། རང་བྱུང་གི་གནོད་འཚེ་དང་གློ་བུར་གྱི་དོན་རྐྱེན་ལ་ཁ་གཏད་འཚམ་པོར་བཅལ་ཡོད། བདེ་འཇགས་ཐོན་སྐྱེད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་དང་། བྱུར་ཉེས་བྱུང་འབོར་དང་བྱུར་ཉེས་ཚབས་ཆེན་དང་ཆེན་པོ། ལས་རིགས་གཙོ་བོའི་བྱུར་ཉེས་བྱུང་འབོར་བཅས་མུ་མཐུད་ཆག་ཡོད། ཟས་རིགས་ཀྱི་བདེ་འཇགས་དཔེ་སྟོན་འཛུགས་པའི་བྱ་སྤྱོད་སྤེལ་བ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ། ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྣ་ཚོགས་ལ་ཁྲིམས་མཐུན་ལྟར་རྡུང་རྡེག་བཏང་བ་བཅས་བྱས་ཏེ། སྤྱི་པའི་བདེ་འཇགས་ནུས་ལྡན་ངང་བསྲུངས་ཡོད།
          ང་ཚོས“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་གཏིང་ཟབ་སྤེལ་བ་དང་། ཏང་ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ཀྱིས་དོན་འཁྱོལ་བྱས་ཏེ། “སྤྱོད་ཚུལ་བཞི”ཡོ་བསྲང་མཐའ་གཅིག་ཏུ་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི“བཀག་སྡོམ་རིགས་གསུམ”ལག་བསྟར་ནན་པོར་བྱས་ཡོད། སྲིད་འཛིན་ལྟ་ཞིབ་དང་ཞིབ་དཔྱོད་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། ཏང་སྲོལ་དང་སྲིད་དོན་གཙང་སྐྱོང་དང་རུལ་རྒོལ་གྱི་འཐབ་རྩོད་ལ་སྐུལ་སྤེལ་ཤུགས་ཆེན་བཏང་བ་དང་། རུལ་སུངས་པ་ཁག་གཅིག་ལ་ཁྲིམས་གཅོད་བྱས་ཡོད།
         ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་ཧྥ་ཤི་སིར་རྒོལ་བའི་འཛམ་གླིང་གི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་ང་ཚོས་དྲན་གསོ་གཟབ་རྒྱས་ཞུས་པ་དང་། རང་རྒྱལ་འདི་ཉིད་ཧྥ་ཤི་སིར་རྒོལ་བའི་འཛམ་གླིང་དམག་འཁྲུག་གི་ཤར་ཕྱོགས་འཐབ་ས་གཙོ་བོ་ཡིན་པའི་ལོ་རྒྱུས་ཀྱི་གོ་གནས་དང་ལེགས་སྐྱེས་གལ་ཆེན་གཅིག་སྡུད་ཀྱིས་ངོམས་སྟོན་བྱས་ཤིང་། ཀྲུང་གོ་མི་དམངས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་དང་ལྷན་དུ་ཞི་བདེ་སྲུང་སྐྱོང་དང་། ཐུན་མོང་ཐོག་དྲང་བདེན་སྲུང་བའི་ཡིད་ཆེས་བརྟན་པོ་མཚོན་པར་བྱས་ཡོད།
         ལོ་གཅིག་གི་རིང་ལ། ཕྱོགས་གང་ཅིར་ཕྱི་འབྲེལ་གྱི་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ཡོད། ཀྲུའུ་ཞི་ཞིས་ཅིན་ཕིང་སོགས་རྒྱལ་ཁབ་ཀྱི་དབུ་ཁྲིད་པས་རྒྱལ་ཁབ་མང་པོར་འཚམས་འདྲི་གནང་བར་ཕེབས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མུ་འབྲེལ་དབུ་ཚོགས་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་གཙོའི་ཚོགས་འདུ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་རྩ་འཛུགས་ཀྱི་འགོ་གཙོའི་དངོས་མིན་གྲོས་ཚོགས། གནམ་གཤིས་འགྱུར་བའི་སྐོར་གྱི་ཚོགས་ཆེན། ཨེ་ཤེ་ཡ་ཤར་མའི་མཉམ་ལས་ཀྱི་འགོ་ཁྲིད་པའི་མུ་འབྲེལ་གྲོས་ཚོགས། འཛམ་གླིང་གི་དཔལ་འབྱོར་གླེང་སྟེགས་ལ་སོགས་པའི་བྱེད་སྒོ་གལ་ཆེན་ལ་ཞུགས་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་མཉམ་ལས་ཀྱི་གླེང་སྟེགས་འགོ་གཙོའི་གྲོས་ཚོགས་ལམ་ལྷོངས་བྱུང་བ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་འགོ་ཁྲིད་པ་ཞལ་འཛོམས་བྱས་པ། ཀྲུང་གོ་དང་ལཱ་ཏིན་ཨ་མེ་རི་ཀའི་གླེང་སྟེགས་འགོ་འཛུགས་བཅས་བྱས་ཡོད། རྒྱལ་ཁབ་ཆེན་པོ་གཙོ་བོའི་བར་གྱི་འབྲེལ་བར་གྲུབ་འབྲས་གསར་པ་ཐོབ་པ་དང་། ཁྱིམ་མཚེས་རྒྱལ་ཁབ་བར་དམ་པ་དོན་གཉེར་གྱི་མཉམ་ལས་ཟབ་སྤེལ། དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཛའ་མཐུན་མཉམ་ལས་རྒྱུན་མ་ཆད་པར་རྒྱ་སྐྱེད་པ། མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་རྩ་འཛུགས་དང་རྒྱལ་སྤྱིའི་ལམ་སྲོལ་བར་གྱི་འབྲེལ་བ་ཕྱོགས་ཡོངས་ནས་ཇེ་ཟབ་ཏུ་བཏང་བ། དཔལ་འབྱོར་གྱི་ཕྱི་འབྲེལ་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་པ་བཅས་བྱུང་ཡོད། ཀྲུང་གོ་ནི་འགན་འཁུར་མཁན་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། རྒྱལ་སྤྱི་དང་ས་ཁུལ་གྱི་དོན་དག་ཁྲོད་དུ་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་བཏོན་ཡོད།

【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】  【11】  【12】