མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཙུང་ལི་ལི་ཁེ་ཆང་གི་2016ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་02ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         གསུམ་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད། ལྕགས་ལམ་གྱི་སྐྱེལ་འདྲེན་ལམ་ཚད་སྤྱི་ལེ་ཁྲི་12.1ཟིན་པ་དེའི་ནང་མྱུར་བགྲོད་ལྕགས་ལམ་སྤྱི་ལེ་ཁྲི་1.9ལས་བརྒལ་ཏེ་འཛམ་གླིང་གི་60%ཡན་ཟིན་ཡོད། མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་བགྲོད་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་12ལས་བརྒལ་ཡོད། ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་དང་དབུས་རྒྱུད་ཀྱི་ལས་གཞིའི་ཆུ་ཤར་གཏོང་ཐུབ་ཡོད། འཛམ་གླིང་ཐོག་སྒུལ་འཁྱེར་འཕྲིན་གཏོང་དྲ་བ་ཆེ་ཤོས་རབས་བཞི་པ་བསྐྲུན་ཐུབ་ཡོད། བཞི་ནས་ཚན་རྩལ་གསར་གཏོད་བར་བརྒལ་གལ་ཆེན་ཐུབ་ཡོད། ཚད་རྡུལ་འཕྲིན་སྐྱེལ་དང་། མ་ནིང་ཕྲན་རྡུལ་འདར་ཡོམ། དྲོད་ཆེའི་ལྕགས་རྟེན་གེགས་མེད་སོགས་རྨང་གཞིའི་ཞིབ་འཇུག་བཅས་ལ་སྔོན་གཏོད་རང་བཞིན་གྱི་གྲུབ་འབྲས་ཁག་ཅིག་ཐོབ་པ་དང་། མི་ཞུགས་མཁའ་སྐྱོད་དང་། ཟླ་དཔྱད་ལས་གཞི། མཚོ་གཏིང་བརྟག་ཞིབ་སོགས་པའི་རྣམ་གྲངས་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད། ལྔ་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་མཐོ་རུ་ཕྱིན་ཡོད། གྲོང་མིའི་ཡོངས་འབབ་འཕར་ཚད་ནི་དཔལ་འབྱོར་འཕེལ་ཚད་ལས་མྱུར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ཡོང་སྒོའི་ཁྱད་པར་མུ་མཐུད་ནས་ཇེ་ཆུང་དུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀར་ཞུགས་མི་གསར་སྣོན་བྱེད་གྲངས་ཁྲི་6400ལས་བརྒལ་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གཞིའི་སྡོད་ཁང་ཆ་འགྲིག་ཁྲི་4013བསྐྲུན་པ་དང་། མང་ཚོགས་དུང་ཕྱུར་ཟིན་པ་ཁང་པ་གསར་པར་སྤོས་པ་རེད། གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་དུང་ཕྱུར་1ལྷག་ཙམ་ཉུང་དུ་སོང་བ་དང་། གྲོང་གསེབ་ཀྱི་གྲོང་མི་དུང་ཕྱུར་3ལྷག་ཙམ་གྱི་འཐུང་ཆུ་བདེ་འཇགས་མེད་པའི་དཀའ་ངལ་སེལ་ཡོད། དྲུག་ནས་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། སློབ་གསོ་དྲང་གཞག་དང་སྤུས་ཀ་མངོན་གསལ་མཐོ་རུ་བཏང་ཡོད། མ་མཐའི་སྨན་བཅོས་འགན་བཅོལ་ཡོངས་སུ་ཁྱབ་ཐུབ་པ་བྱུང་བ་དང་། མ་མཐའི་རྒན་གསོའི་འགན་བཅོལ་དུ་ཞུགས་ཚད་80%ལས་བརྒལ་ཡོད། རིག་གནས་ཀྱི་མཉེན་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་། ཁྲིམས་ལྟར་རྒྱལ་སྐྱོང་ཕྱོགས་ཡོངས་ནས་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དོན་འཕོ་འགྱུར་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད། ལོ་ལྔའི་རིང་འབད་བརྩོན་བྱས་པར་བརྟེན། རང་རྒྱལ་གྱི་དཔལ་འབྱོར་དང་། ཚན་རྩལ། རྒྱལ་སྲུང་བཅས་ཀྱི་སྟོབས་ཤུགས་དངོས་དང་། རྒྱལ་སྤྱིའི་བག་ཆགས་སྔར་ལས་ཇེ་ཆེར་སོང་ཡོད།
         “ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་འོད་སྟོང་འབར་བའི་གྲུབ་འབྲས་ཐོག་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཆེན་པོ་ཇེ་ལེགས་སུ་མངོན་པ་དང་། ཀྲུང་གོ་མི་དམངས་ཀྱི་འཛད་མཐའ་མེད་པའི་གསར་གཏོད་བྱེད་ནུས་གཅིག་བསྡུས་ཀྱིས་མཚོན་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་བློ་གདེང་དང་གོང་བུར་འགྲིལ་ཤུགས་ཆེས་ཆེར་ཕྱིན་ཡོད་པས། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་འགྲུབ་པར་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པའི་སྐུལ་མ་ཐེབས་ངེས་རེད།
         《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ་》ལ་གཞིགས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ཀྱི་རྩ་གནད་(འཆར་ཟིན་)》བཟོས་ཏེ། ཚོགས་ཆེན་ཐོག་ཞིབ་བཤེར་གནང་བྱར་ཕུལ་ཡོད།
         《རྩ་གནད་ཀྱི་འཆར་ཟིན་》ནི་འབྱོར་འབྲིང་གི་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ཐུབ་པར་བྱེད་པའི་དམིགས་འབེན་ལ་གཞིགས་པ་དང་། གོང་འཕེལ་དོ་མི་མཉམ་པ་དང་། མཐུན་སྦྱོར་མིན་པ། རྒྱུན་མཐུད་མི་ཐུབ་པ་སོགས་པའི་གནད་དོན་འབུར་ཐོན་ལ་དམིགས་ཏེ། གསར་གཏོད་དང་། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ལྟ་བ་བརྟན་པོར་འཆང་རྒྱུ་དོན་འཁྱོལ་མཐར་ཕྱིན་བྱེད་རྒྱུའི་ནན་བཤད་བྱས་པ། སླད་ཕྱིན་ལོ་ལྔའི་རིང་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་དམིགས་འབེན་དང་ལས་འགན་གཙོ་བོ་ཁ་གསལ་བཟོས་པ་དང་། འཕེལ་རྒྱས་ཡོང་བར་བྱེད་པའི་སྲིད་ཇུས་གལ་ཆེན་དང་། ལས་གཞི་གལ་ཆེན། རྣམ་གྲངས་གལ་ཆེན་བཅས་རབ་དང་རིམ་པ་བཏོན་པ་དང་། གཤམ་གསལ་ཁག་དྲུག་གཙོ་གནད་དུ་མངོན་གསལ་བཏོན་ཡོད་དེ།
         —དཔལ་འབྱོར་གོང་དུ་སྤེལ་ཚད་མྱུར་འབྲིང་དུ་རྒྱུན་མཐུད་དང་། ཐོན་ལས་གནས་རིམ་མཐོ་འབྲིང་གི་ཆུ་ཚད་དུ་སྐུལ་སྤེལ་གཏོང་རྒྱུ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་ཐུབ་པའི་དམིགས་འབེན་འགྲུབ་པར་བྱས་ཏེ། 2020ལོར་སླེབས་སྐབས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་2010ལོ་ལས་ལྡབ་གཅིག་འཕར་བར་བྱེད་རྒྱུ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལ་ལོ་རེར་དཔལ་འབྱོར་འཕར་བའི་མ་མཐའི་ཚད་ནི་6.5%ཡན་ཡིན། ཐོན་ལས་ཀྱི་གྲུབ་ཚུལ་བཟང་འགྱུར་རིམ་སྤོར་མགྱོགས་སུ་གཏོང་བ་དང་། ལག་རྩལ་གྱི་ཆུ་ཚད་མཐོ་བ་དང་། སྣེ་ཁྲིད་ཀྱི་ནུས་པ་ཆེ་བའི་ལས་གཞི་གལ་ཆེན་ཁག་ཅིག་དོན་འཁྱོལ་བྱེད་རྒྱུ། 2020ལོར་སླེབས་སྐབས། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་དང་། དེང་རབས་ཀྱི་ཞབས་ཞུའི་ལས་རིགས། འཐབ་ཇུས་ལྡན་པའི་གསར་དར་ཐོན་ལས་བཅས་ཀྱི་བསྡུར་ཚད་ཇེ་མཐོར་འགྲོ་བར་བྱེད་རྒྱུ་དང་། ངལ་རྩོལ་པ་ཡོངས་ཀྱི་ངལ་རྩོལ་ཐོན་སྐྱེད་བྱེད་ཚད་མི་རེར་ཆ་སྙོམས་སྒོར་ཁྲི་8.7ཡིན་པ་ནས་ཁྲི་12ཡན་དུ་མཐོ་རུ་གཏོང་རྒྱུ། སྐབས་དེ་དུས། རང་རྒྱལ་གྱི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་90ལས་བརྒལ་རྒྱུ་དང་། གོང་སྤེལ་གྱི་སྤུས་ཚད་དང་ཕན་འབྲས་མངོན་གསལ་ལེགས་བཅོས་ཡོང་རྒྱུ་རེད། མི་འབོར་མང་ཞིང་དར་རྒྱས་འགྲོ་བཞིན་པའི་ང་ཚོའི་རྒྱལ་ཁབ་ལྟ་བུར་མཚོན་ན། དེ་ནི་ཧ་ལས་དགོས་པའི་གྲུབ་འབྲས་ཆེན་པོ་ཞིག་རེད།
         —གསར་གཏོད་ཀྱི་ཁྲིད་སྟོན་ནུས་པ་ཆེ་རུ་བཏང་སྟེ། གོང་སྤེལ་ལ་སྒུལ་ཤུགས་ཆེན་པོ་ཡོང་བར་བྱེད་རྒྱུ། གསར་གཏོད་ནི་གོང་སྤེལ་ལ་ཁྲིད་སྟོན་བྱེད་པའི་སྒུལ་ཤུགས་ཨང་དང་པོ་ཡིན་པས། ངེས་པར་དུ་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་ཀྱི་སྲོག་ཤིང་གོ་བབ་ཏུ་འཇོག་དགོས། གསར་གཏོད་སྒུལ་ཤུགས་ཀྱི་འཕེལ་རྒྱས་འཐབ་ཇུས་དོན་འཁྱོལ་གཏིང་ཟབ་དང་། རྒྱལ་ཁབ་ཀྱི་ཚན་རྩལ་རྣམ་གྲངས་གལ་ཆེན་ཁག་ཅིག་འགོ་བཙུགས་ཏེ། ཆུ་ཚད་མཐོ་བའི་རྒྱལ་ཁབ་ཀྱི་ཚན་རིག་ལྟེ་གནས་དང་ལག་རྩལ་གསར་གཏོད་ལྟེ་གནས་ཁག་ཅིག་འཛུགས་སྐྲུན་བྱེད་རྒྱུ་དང་། རྒྱལ་སྤྱིའི་འགྲན་ནུས་ལྡན་པའི་གསར་གཏོད་ཅན་གྱི་འགོ་འདྲེན་ཁེ་ལས་ཁག་ཅིག་སྐྱེད་སྲིང་རྒྱ་སྐྱེད་གཏོང་རྒྱུ། གསར་གཏོད་སྒྱུར་བཅོས་ཀྱི་ཚོད་ལྟའི་ཁུལ་ཁག་གཅིག་བསྐྲུན་དགོས། མི་དམངས་ལས་འབྱེད་དང་། དམངས་ཀྱི་གསར་གཏོད་བསྟུད་མར་སྐུལ་སྤེལ་བཏང་ནས། གཞི་གྲངས་ཆེན་པོ་དང་། སྤྲིན་རྩིས། ཟོག་འབྲེལ་དྲ་སྦྲེལ་བཅས་ཁྱབ་ཆེན་དུ་སྤྱོད་པའི་སྐུལ་སྤེལ་གཏོང་རྒྱུ། སྤུས་བཟང་གི་རྒྱལ་ཁབ་སྟོབས་ལྡན་དང་། བཟོ་སྐྲུན་གྱི་རྒྱལ་ཁབ་སྟོབས་ལྡན། ཤེས་བྱའི་ཐོན་དབང་གི་རྒྱལ་ཁབ་སྟོབས་ཆེན་བཅས་སུ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ། 2020ལོར་སླེབས་སྐབས། རྨང་གཞིའི་ཞིབ་འཇུག་དང་། ཉེར་སྤྱོད་ཞིབ་འཇུག འཐབ་ཇུས་ལྡན་ཞིང་མདུན་གྲལ་གྱི་ཁྱབ་ཁོངས་བཅས་སུ་མཆོང་སྐྱོད་གལ་ཆེན་ཐུབ་པའི་བརྩོན་ལེན་བྱེད་རྒྱུ་དང་། སྤྱི་ཚོགས་ཡོངས་ཀྱིས་ཞིབ་འཇུག་ཏུ་གྲོན་དངུལ་གཏོང་ཚད་2.5%ཟིན་པ་དང་། ཚན་རྩལ་ཡར་ཐོན་གྱིས་དཔལ་འབྱོར་འཕེལ་བར་ལེགས་སྐྱེས་འབུལ་ཚད་60%ཟིན་པ་བཅས་བྱས་ནས། གསར་གཏོད་ཅན་གྱི་རྒྱལ་ཁབ་དང་ཤེས་ལྡན་པའི་སྟོབས་ལྡན་རྒྱལ་ཁབ་གྲལ་དུ་ཚུད་པར་བྱེད་རྒྱུ།
        —གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་དང་ཞིང་ལས་དེང་རབས་ཅན་དུ་སྐུལ་སྤེལ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་ཁྱད་པར་ཆུང་དུ་གཏོང་བ་ནི་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་གཙོ་གནད་ཡིན་ལ། འཕེལ་རྒྱས་ཀྱི་གཏིང་ཤུགས་འདོན་པའི་འགག་རྩའང་ཡིན། མི་སྲོག་ཤིང་དུ་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་དུ་འགྱུར་བའི་སྐུལ་སྤེལ་གཏིང་ཟབ་བཏང་ནས། ཞིང་ལས་ཀྱི་སྤོ་སྒྱུར་མི་འབོར་དུང་ཕྱུར་1ཡས་མས་དང་རྒྱུན་སྡོད་མི་གྲངས་གཞན་དག་གྲོང་ཁྱེར་དང་གྲོང་རྡལ་དུ་གཞིས་ཆགས་ཐུབ་པར་བྱེད་པ་དང་། མི་འབོར་དུང་ཕྱུར་1ཙམ་གནས་ཡུལ་སྡོད་ཁང་ཐབ་ཆག་ཁུལ་དང་གྲོང་ཁྱེར་ནང་གི་གྲོང་སྡེ་སྒྱུར་བཀོད་ལེགས་འགྲུབ། མི་འབོར་དུང་ཕྱུར་1ཙམ་དབུས་ནུབ་ས་ཁུལ་ཉེ་འགྲམ་གྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ཁྲིད་སྟོན་བཅས་བྱེད་རྒྱུ། 2020ལོར་སླེབས་སྐབས། རྒྱུན་སྡོད་མི་གྲངས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་60%ཟིན་པ་དང་། ཐེམ་ཐོའི་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་45%ཟིན་པར་བྱས་ཏེ། ཆུ་བེད་དང་། ཞིང་ལས་འཕྲུལ་ཆས། དེང་རབས་ཅན་གྱི་འདེབས་ལས་སོགས་པའི་ལས་གཞི་ཁག་ཅིག་དོན་འཁྱོལ་བྱེད་རྒྱུ། ཞིང་ལས་གཞི་ཁྱོན་འཚམ་པོའི་གཉེར་སྐྱོང་དང་ས་ཁོངས་ཅན་དུ་བཀོད་སྒྲིག ཚད་ལྡན་ཅན་དུ་འགྱུར་བའི་ཐོན་སྐྱེད། སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུ་བཅས་ཀྱི་སྐུལ་སྤེལ་གཏོང་རྒྱུ། 2020ལོར་སླེབས་སྐབས། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གཙོ་བོ་མཁོ་སྤྲོད་དང་སྤུས་ཀའི་བདེ་འཇགས་འགན་སྲུང་ཕན་འབྲས་ཐོན་པ་དང་། ཞིང་ལས་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མངོན་གསལ་མཐོ་རུ་འགྲོ་བར་བྱེད་རྒྱུ་དང་གྲོང་གསེབ་གསར་པའི་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་པ་བྱ་རྒྱུ། ས་ཁོངས་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་ཀྱི་འཐབ་ཇུས་རྨང་གཞིར་བྱེད་པ་དང་། “འཐབ་ཇུས་ཆེན་པོ་གསུམ”སྣེ་ཁྲིད་དུ་བྱས་ཏེ། མཚོ་རྒྱུད་དང་གཙང་རྒྱུད་ལམ་རྒྱུད་གསུམ་གྱི་དཔལ་འབྱོར་ས་རྒྱུད་གཙོ་བོར་བྱས་ཏེ་འཕྲེད་གཞུང་གཉིས་ཀྱི་དཔལ་འབྱོར་འཁོར་རྒྱུད་ཆགས་པ་དང་། འགྱེད་འཕྲོའི་སྐུལ་ཁྲིད་ཀྱི་ནུས་པ་ཆེ་བའི་གྲོང་ཁྱེར་ཚོགས་དང་འཕར་གནད་ཁག་ཅིག་སྐྱེད་སྲིང་བྱེད་རྒྱུ། རྨང་གཞིའི་སྒྲིག་བཀོད་གལ་ཆེན་སྐྲུན་ཤུགས་ཆེ་རུ་གཏོང་བ་དང་། མྱུར་བགྲོད་ལྕགས་ལམ་གྱི་ལས་གཉེར་ལམ་ཚད་སྤྱི་ལེ་ཁྲི་3ཡན་ཟིན་པ་དང་། ཁྱབ་ཁྱོན་གྲོང་ཁྱེར་ཆེན་པོ་80%ཟིན་པར་བྱེད་རྒྱུ། མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཐག་རིང་ཚད་སྤྱི་ལེ་ཁྲི་3གསར་སྐྲུན་བཅོས་སྐྲུན་བྱེད་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཏུ་གཤོང་ཆེའི་དྲ་སྦྲེལ་ཡོངས་སུ་ཁེབས་པར་བྱེད་རྒྱུ།
         —ལྗང་མདོག་ཐོན་སྐྱེད་ཀྱི་འཚོ་བའི་རྣམ་པ་ཆགས་པར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་ལེགས་སྒྱུར་ཇེ་མགྱོགས་སུ་གཏོང་རྒྱུ། གོང་སྤེལ་ཁྲོད་སྲུང་སྐྱོང་དང་། སྲུང་སྐྱོང་ཁྲོད་གོང་དུ་སྤེལ་བ་རྒྱུན་འཁྱོངས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་རྒྱུན་མཐུད་ཀྱིས་སྐུལ་འདེད་གཏོང་བ་བཅས་བྱེད་རྒྱུ།རླུང་ཁམས་ཆེན་པོ་དང་། ཆུ། ས་གཤིས་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱེད་པའི་འཆར་གཞི་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྣོད་བཅུད་བར་ཁམས་ཀྱི་སྲུང་སྐྱོང་དམར་ཐིག་ཕྱེ་ནས་རི་ཆུ་ནགས་ཞིང་མཚེའུ་བཅས་ཀྱི་སྣོད་བཅུད་འདུ་འགོད་ཁྱབ་གདལ་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ། འབྱུང་འགྱུར་ལོ་ལྔའི་ནང་། ཐོན་སྐྱེད་རིན་ཐང་བསྡོམས་འབོར་རྩིས་གཞི་རེའི་ཆུ་སྤྱོད་ཚད་དང་། ནུས་ཁུངས་ཟད་གྲོན། དབྱང་གཉིས་ཐྭན་འགྱུར་འབུད་ཚད་བཅས་སོ་སོར་23%དང་། 15%དང་། 18%བཅས་ཆག་པ་དང་། ནགས་ཚལ་ཁེབས་ཚད་23.04%ཟིན་པ། ནུས་ཁུངས་དང་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱས་པའི་ཕན་འབྲས་ཇེ་ཆེར་འགྲོ་བ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྤྱི་ཡོངས་ནས་ལེགས་སྒྱུར་བཅས་བྱེད་རྒྱུ། ལྷག་པར་དུ་རླུང་ཁམས་ཆེན་པོའི་སྨུག་རྡུལ་གཙང་བཅོས་ཐད་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད་80%ལས་བརྒལ་བར་བྱས་ཏེ། ང་ཚོས་རྒྱུན་འཁྱོངས་ལྷོད་མེད་ངང་ནས་གནམ་སྔོན་དང་། ས་ལྗང་། ཆུ་དྭངས་བཅས་ཀྱི་ཡིད་འོང་ཀྲུང་གོ་འཛུགས་སྐྲུན་བྱེད་རྒྱུ།
         —བསྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་ཏེ། སྒྲིག་སྲོལ་གསར་པ་འཛུགས་པ་དང་འཕེལ་རྒྱས་གཏོང་རྒྱུ། འཕེལ་རྒྱས་ཡོང་བར་བྱེད་པའི་རྩ་བ་སྒྱུར་བཅོས་སྒོ་འབྱེད་ལ་བརྟེན་དགོས། ངེས་པར་དུ་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་དང་། གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། དེང་རབས་ཀྱི་ཐོན་དབང་ལམ་ལུགས་འཛུགས་རྒྱུ། གཞི་རྩའི་ཐོག་ཁྲིམས་སྐྱོང་སྲིད་གཞུང་བཙུགས་ཏེ། ཐོན་ཁུངས་བགོ་སྒྲིག་ཁྲོད་ཀྱི་ཐག་གཅོད་རང་བཞིན་གྱི་ཚོང་རའི་ནུས་པ་འདོན་དུ་འཇུག་པ་དང་སྲིད་གཞུང་གི་ནུས་པ་འདོན་སྤེལ་གང་ལེགས། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་སྣེ་ཁྲིད་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་དང་གོང་དུ་སྤེལ་སྟངས་གང་མགྱོགས་ཆགས་པར་བྱེད་རྒྱུ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་འགག་སྒྲོལ་གསར་པ་ཡོང་བ། ཕྱི་ཕྱོགས་ཉོ་འཚོང་ལེགས་འདྲེན་ལེགས་བསྐྱོད་དུ་འགྱུར་པ་དང་། ཞབས་ཞུའི་ཉོ་འཚོང་གི་བསྡུར་ཚད་ཇེ་མཐོར་མངོན་གསལ་འགྲོ་ཞིང་། ཉོ་འཚོང་རྒྱལ་ཁབ་ཆེན་པོ་ནས་ཉོ་འཚོང་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བར་བྱེད་རྒྱུ། ཞུགས་འཐུས་སྔོན་གྱི་རྒྱལ་དམངས་ཐོབ་ཐང་སྟེང་བཀག་རྒྱའི་གསལ་ཐོ་སྣོན་པའི་དོ་དམ་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཚད་གཞི་མཐོ་བའི་རང་མོས་ཉོ་འཚོང་ཁུལ་གྱི་དྲ་སྦྲེལ་རིམ་བཞིན་འཛུགས་གཉེར་བྱེད་རྒྱུ། སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་པ་དང་རྣམ་པ་གསར་པ་གཞི་རྩའི་ཐོག་འགྲུབ་པར་བྱེད་རྒྱུ།
         —དམངས་འཚོ་བདེ་སྐྱིད་རྒྱུན་མཐུད་ངང་ཇེ་ཆེར་གྱུར་ཏེ། མི་དམངས་ཡོངས་རྫོགས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཉམས་སུ་མྱོང་དུ་འཇུག་རྒྱུ། མི་དམངས་གཙོ་གནད་དུ་བྱེད་པའི་གོང་སྤེལ་བསམ་བློ་རྒྱུན་འཁྱོངས་དང་། གཞི་རྩའི་དམངས་འཚོ་འགན་སྲུང་གི་ཞན་ཆ་འབད་བརྩོན་གྱིས་གསབ་སྟེ། མཉམ་དུ་འབྱོར་ཕྱུག་ལྡན་པའི་ཕྱོགས་སུ་གོམ་སྟབས་བརྟན་པོས་མདུན་དུ་བསྐྱོད་རྒྱུ། དབུལ་བྲལ་འགག་སྒྲོལ་གྱི་འཐབ་རྩོད་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས། རང་རྒྱལ་གྱི་ད་ཡོད་ཚད་གཞིའི་ཐོག་གི་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་དབུལ་བྲལ་མངོན་འགྱུར་བྱེད་པ་དང་། དབུལ་ཕོངས་རྫོང་ཡོངས་རྫོགས་ཀྱི་ཞྭ་མོ་འབུད་པ་དང་། ས་ཁོངས་རང་བཞིན་གྱི་དབུལ་ཕོངས་ཡོངས་རྫོགས་གཙང་སེལ་བྱེད་རྒྱུ། རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་རྣམ་གྲངས་ཀྱི་ཞིབ་ཐོ་འཛུགས་རྒྱུ། སྔར་བས་གཞུང་དྲང་དང་རྒྱུད་མཐུད་ཐུབ་པའི་སྤྱི་ཚོགས་ཀྱི་འགན་སྲུང་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། འོས་འགན་སློབ་གསོའི་སློབ་གྲྭ་ཚད་ལྡན་ཅན་དང་། མཐོ་འབྲིང་རིམ་པའི་སློབ་གསོ་ཁྱབ་སྤེལ། འཛམ་གླིང་གི་སློབ་ཆེན་ལེགས་ཤོས་དང་རིག་ཚན་ལེགས་ཤོས་འཛུགས་གཉེར་གྱི་ལས་གཞི་ལག་བསྟར་བྱེད་རྒྱུ། ངལ་རྩོལ་ལོ་ཚད་དུ་སོན་པའི་མི་འབོར་ལ་ཆ་སྙོམས་སློབ་གསོ་ཐོབ་ཚད་ལོ་10.23ནས་ལོ་10.8ལ་ཇེ་མཐོར་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་5000ཡན་གསར་དུ་ལས་ཞུགས་ཐུབ་པར་བྱེད་རྒྱུ། ཡོང་འབབ་བགོ་འགྲེམས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཡོང་འབབ་ཀྱི་ཧེ་བག་ཇེ་ཆུང་དུ་གཏོང་བ། འབྲིང་རིམ་ཡོང་འབབ་མི་འབོར་གྱི་བསྡུར་ཚད་ཇེ་མཐོར་གཏོང་བ་བཅས་བྱེད་རྒྱུ། སྡོད་ཁང་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁང་པ་ཐབ་ཆག་ཁུལ་གྱི་སྡོད་ཁང་ཆ་འགྲིག་ཁྲི་2000བསྒྱུར་བཀོད་བྱེད་རྒྱུ། བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་སྤེལ་བཏང་སྟེ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་1རེ་རིང་དུ་འགྲོ་བར་བྱེད་རྒྱུ། མི་འབོར་ན་རྒས་ཅན་དུ་འགྱུར་རྒྱུར་ཁ་གཏད་ཧུར་ཐག་གཅོག་རྒྱུ། དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་དང་། སྤྱི་དམངས་ཀྱི་ཀུན་སྤྱོད་ལེགས་སྐྱོང་། ཀྲུང་ཧྭའི་རིག་གནས་ཤུལ་འཛིན་སོགས་ཀྱི་ལས་གཞི་ལག་བསྟར་བྱེད་རྒྱུ། ང་ཚོས་མི་དམངས་ཀྱི་དངོས་པོའི་འཚོ་བ་སྔར་བས་འཛོམས་པོར་ཡོང་བར་བྱེད་དགོས་ལ། མི་དམངས་ཀྱི་བསམ་པའི་འཚོ་བ་ཡང་སྔར་བས་ཕུན་སུམ་ཚོགས་པོ་ཡོང་བར་བྱེད་རྒྱུ།

【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】  【11】  【12】