མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཙུང་ལི་ལི་ཁེ་ཆང་གི་2016ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་02ཉིན། 12:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

          ཕྱོགས་གང་ཅིའི་གནས་ཚུལ་ལ་ཕྱོགས་བསྡུས་ཀྱིས་དབྱེ་ཞིབ་བྱས་ན། ད་ལོ་རང་རྒྱལ་འཕེལ་རྒྱས་གཏོང་བར་དཀའ་ངལ་སྔར་ལས་མང་ཞིང་ཆེ་བ་དང་། འགྲན་སློང་སྔར་བས་དྲག་པོ་ཐུག་ངེས་པས། ང་ཚོས་དྲག་འཛིང་གི་གྲ་སྒྲིག་གང་ལེགས་བྱེད་རྒྱུ། རྒྱལ་སྤྱིའི་ཆ་ནས་བལྟས་ན། འཛམ་གླིང་དཔལ་འབྱོར་ལེགས་སྒྲིག་ཟབ་མོ་བྱེད་པ་དང་སླར་གསོའི་ནུས་ཤུགས་ཞན་པ། རྒྱལ་སྤྱིའི་ཉོ་འཚོང་འཕར་ཚུལ་ཤིན་ཏུ་ཞན་པ། དངུལ་རྩ་དང་ཐོན་འབོར་ཆེ་བའི་ཚོང་ཟོག་ཚོང་ར་འཕར་ཆག་ངེས་མེད། ས་འབྲེལ་ཁོངས་ཀྱི་ཆབ་སྲིད་ཉེན་ཁ་ཇེ་ཆེར་གྱུར་པ། ཕྱི་ཕྱོགས་ཁོར་ཡུག་བརྟན་པོ་དང་ངེས་མེད་ཀྱི་རྒྱུ་རྐྱེན་ཇེ་མང་དུ་གྱུར་པ་བཅས་ཀྱིས་རང་རྒྱལ་གྱི་འཕེལ་རྒྱས་ལ་གནོད་སྐྱོན་ཐེབས་ཚད་ཐད་སྣང་ཆུང་བྱེད་མི་རུང་། རྒྱལ་ནང་གི་ཆ་ནས་བལྟས་ན། ཡུན་རིང་གི་འགལ་བ་དང་ཉེན་ཁ་སོགས་ཀྱི་རིགས་ཇེ་ཆེར་མངོན་བཞིན་ཡོད། དཔལ་འབྱོར་འཕར་ཚད་བརྗེ་བ་དང་། གྲུབ་ཚུལ་ལེགས་སྒྲིག་གི་ཟུག་གཟེར། སྒུལ་ནུས་གསར་རྙིང་བརྗེ་སྤོ་རྒྱག་པ་བཅས་ཕན་ཚུན་བསྣོལ་མར་འདྲེས་ཡོད། དཔལ་འབྱོར་ཆག་པའི་གནོན་ཤུགས་ཇེ་ཆེར་གྱུར་པའི་དཀའ་ངལ་དང་འགྲན་སློང་འདི་འདྲ་འཕྲད་ནའང་སྐྲག་མི་དགོས། ཀྲུང་གོའི་འཕེལ་རྒྱས་ནི་གནའ་དུས་ནས་བཟུང་འགྲན་སློང་ལ་ཁ་གཏད་འཇལ་བའི་ཁྲོད་མདུན་སྐྱོད་བྱེད་པ་ཡིན་པས། སེལ་མི་ཐུབ་པའི་དཀའ་ངལ་ཡོད་མི་སྲིད། ལོ་མང་གི་རིང་འཕེལ་རྒྱས་མགྱོགས་པོ་བྱུང་བའི་དབང་གིས་རང་རྒྱལ་གྱི་དངོས་པོའི་རྨང་གཞི་བཟང་བ་དང་། དཔལ་འབྱོར་གྱི་མཉེན་གཤིས་བཟང་ཞིང་། གཏིང་ཤུགས་ཆེ་བ། རྐྱང་སྐུམ་གྱི་རང་དབང་ཆེ་བ།བསྒྱུར་བཅོས་སྒོ་འབྱེད་ལ་སྒུལ་ཤུགས་གསར་པ་རྒྱུན་མ་ཆད་པར་བསྣན་པ་དང་། སྤྱི་ཁོག་སྙོམས་སྒྲིག་གསར་དུ་གཏོད་པར་ཉམས་མྱོང་ཕུན་སུམ་ཚོགས་པོ་གསོག་འཇོག་བཅས་བྱེད་རྒྱུ། ལྷག་པར་དུ་ང་ཚོར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་སྟོབས་ལྡན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཡོད་པ་དང་། ཀྲུང་གོ་མི་དམངས་ལས་ལ་བརྩོན་ཞིང་བློ་རིག་བཀྲ་བས། ང་ཚོས་མི་ཁྲི་སེམས་གཅིག་དང་། དུས་ངལ་མཉམ་དུ་སེལ་ན། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དམིགས་འབེན་ལེགས་གྲུབ་ཐུབ་ངེས་ཡིན།
         ད་ལོར་ཕྱོགས་བརྒྱད་ཀྱི་ལས་དོན་གཙོ་གནད་དུ་ལེགས་པར་བསྒྲུབ་དགོས་ཏེ།
(གཅིག)སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་བརྟན་གནས་དང་འཐུས་ཚང་དུ་བཏང་སྟེ། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་བར་མཚམས་ནང་སྲུང་འཛིན་བྱེད་རྒྱུ། ང་ཚོར་སྤྱི་ཁོག་སྙོམས་སྒྲིག་བྱེད་པར་བྱེད་ཐབས་གསར་གཏོད་དང་སྲིད་ཇུས་ཀྱི་གསོག་འཇོག་ལྡན་དགོས་པ་དང་། དེང་དུས་ལ་རྩ་བ་ཚུགས་ཤིང་དམིགས་གཏད་ཡོད་པའི་སྒོ་ནས་ཐབས་ཤེས་བཏོན་ཏེ། དཔལ་འབྱོར་ཆག་པའི་གནོན་ཤུགས་ཐེག་ཐབས་བྱེད་དགོས་ལ། མིག་རྒྱང་རིང་པོར་བལྟ་བ་དང་། བཤོལ་ལམ་འཇོག་པ། སྟོབས་འཚོལ་ནུས་གསོག་བཅས་ཀྱང་བྱེད་དགོས། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་བརྟན་པོ་མུ་མཐུད་དེ་ལག་བསྟར་བྱེད་པ་དང་། སྤྱི་ཁོག་སྙོམས་སྒྲིག་བྱེད་སྟངས་གསར་གཏོད། བར་མཚམས་སྙོམས་སྒྲིག་དང་། ཕྱོགས་ངེས་སྙོམས་སྒྲིག སྐབས་བསྟུན་སྙོམས་སྒྲིག་བཅས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ནོར་སྲིད་དང་དངུལ་ལོར་སྲིད་ཇུས་དང་། ཐོན་ལས་དང་། མ་དངུལ་འཇོག་པ། རིན་གོང་སོགས་པའི་སྲིད་ཇུས་ཀྱི་བྱེད་ཐབས་འཆར་འགོད་གཅིག་གྱུར་གྱིས་བེད་སྤྱོད་གཏོང་རྒྱུ། གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་དང་ལྷག་པར་དུ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་སྒྱུར་བཅོས་བྱེད་ཐབས་སྤྱད་དེ། དཔལ་འབྱོར་འཕེལ་རྒྱས་འགྲོ་བར་ཁོར་ཡུག་ཡག་པོ་བསྐྲུན་རྒྱུ།
        དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་སྤྱོད་ཤུགས་ཇེ་ཆེར་གཏོང་རྒྱུ། ད་ལོ་ནོར་སྲིད་མཚལ་ཡིག་སྒོར་དུང་ཕྱུར་ཁྲི་2.18བཀོད་སྒྲིག་བྱེད་རྩིས་ཡོད་ཅིང་། ན་ནིང་ལས་སྒོར་དུང་ཕྱུར་5600འཕར་སྣོན་ཡོང་རྒྱུ་དང་། མཚལ་ཡིག་གི་ཚད་ཇེ་མཐོར་གཏོང་ཚད་3%ལ་སླེབས་རྒྱུ་རེད། དེའི་ཁྲོད་ནས། ཀྲུང་དབྱང་ནོར་སྲིད་ཀྱི་མཚལ་ཡིག་སྒོར་དུང་ཕྱུར་ཁྲི་1.4ཡིན་པ་དང་། ས་གནས་ནོར་སྲིད་ཀྱི་མཚལ་ཡིག་སྒོར་དུང་ཕྱུར་7800ཡིན། ས་གནས་ཀྱི་ཆེད་དམིགས་བུན་འཛིན་སྒོར་དུང་ཕྱུར་4000བཀོད་སྒྲིག་བྱེད་རྒྱུ་དང་། ས་གནས་སྲིད་གཞུང་གི་བརྗེ་ལེན་བུན་འཛིན་མུ་མཐུད་འགྲེམ་རྒྱུ་ཡིན། རང་རྒྱལ་གྱི་ནོར་སྲིད་མཚལ་ཡིག་གི་ཚད་དང་སྲིད་གཞུང་ལ་བུ་ལོན་ཟུག་ཚད་ནི་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོའི་ཁྲོད་བལྟོས་བཅས་ཐོག་ནས་ཉུང་ཙམ་ཡིན་པས། འདི་ལྟ་བུའི་བཀོད་སྒྲིག་ནི་དགོས་ངེས་དང་། ལག་བསྟར་ཐུབ་ངེས་ཡིན་ལ། བདེ་འཇགས་ཀྱང་ཡིན།
         ནོར་སྲིད་མཚལ་ཡིག་ཆེ་རུ་འཚམ་པོར་བཏང་སྟེ། གཙོ་བོ་ཁྲལ་འཕྲི་དངུལ་གཅོག་ཏུ་སྤྱད་དེ་ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུ། ད་ལོ་བྱེད་ཐབས་གསུམ་སྤྱོད་རྒྱུ་ཡིན་ཏེ། གཅིག་ནས་ཕྱོགས་ཡོངས་ནས་ལས་ཁྲལ་ནས་འཕར་ཁྲལ་དུ་བསྒྱུར་རྒྱུ་ཡིན། ཟླ་5པའི་ཚེས་1ཉིན་ནས་བཟུང་། ཚོད་ལྟ་བྱེད་ཁྱོན་རྒྱ་བསྐྱེད་དེ་ཨར་ལས་ལས་རིགས་དང་། ས་ཁང་ཐོན་ལས། དངུལ་རྩའི་ལས་རིགས། འཚོ་བའི་ཞབས་ཞུའི་ལས་རིགས་བཅས་སུ་སྤྱོད་རྒྱུ་མ་ཟད། ཁེ་ལས་ཡོངས་རྫོགས་ཀྱི་གཏན་འཇགས་རྒྱུ་ནོར་འཕར་རིགས་སུ་འདུས་པའི་གནས་ཐང་འཕར་ཁྲལ་ཚབ་འཕྲི་བྱེད་ཁོངས་སུའང་བཅུག་ནས། ཁེ་ལས་ཡོངས་ཀྱི་ཁུར་པོ་ཡང་དུ་འགྲོ་བ་ལས་ལྕི་རུ་མི་འགྲོ་བའི་འགན་ལེན་བྱེད་རྒྱུ། གཉིས་ནས་སྒྲིག་འགལ་གྱིས་བཙུགས་པའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་མེད་པར་བཟོ་བ་དང་། སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་ཁག་ཅིག་བསྡུ་མཚམས་འཇོག་པ་དང་ཟླ་སྒྲིལ་གཏོང་རྒྱུ། ཆུ་བེད་འཛུགས་སྐྲུན་གྱི་ཐེབས་རྩ་སོགས་དཔྱ་ཁྲལ་རྩ་ཆག་གཏོང་བའི་ཁྱབ་ཁོངས་ཇེ་ཆེར་གཏོང་རྒྱུ། གསུམ་ནས་སྲིད་འཛིན་གྱི་བྱ་ལས་རང་བཞིན་གྱི་རིན་དངུལ་བསྡུ་རིགས་ཁག་18རྩ་ཆག་གཏོང་བའི་ཁྱབ་ཁོངས་དེ་ཁེ་ལས་ཆུང་ཕྲ་ནས་ཁེ་ལས་ཡོངས་རྫོགས་དང་སྒེར་པ་བར་དུ་རྒྱ་བསྐྱེད་རྒྱུ། གོང་གསལ་སྲིད་ཇུས་ལག་བསྟར་བྱས་ཏེ། སྒྱུར་བཅོས་མ་བྱས་གོང་དང་བསྡུར་ན་ད་ལོ་ཁེ་ལས་དང་སྒེར་གྱི་ཁུར་པོ་ཧ་ལམ་སྒོར་དུང་ཕྱུར་5000ལྷག་ཙམ་ཇེ་ཡང་དུ་གཏོང་རྒྱུ་རེད། དུས་མཚུངས་སུ། ནོར་སྲིད་ཀྱི་གཏོང་སྒོ་དང་སྲིད་གཞུང་གི་མ་དངུལ་འཇོག་རིགས་དགོས་ངེས་ཇེ་མང་དུ་འཚམ་པོར་བཏང་སྟེ། དམངས་འཚོ་སོགས་ལྷུ་ཚིགས་ཞན་གྲས་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ། ནོར་སྲིད་ཀྱི་གཏོང་སྤྲོད་རྣམ་པ་གསར་གཏོད་དང་། ནོར་སྲིད་གཏོང་སྤྲོད་ཀྱི་གྲུབ་ཚུལ་ལེགས་འགྱུར་བྱས་ཏེ། སྲུང་འཛིན་དགོས་རིགས་ངེས་པར་དུ་སྲུང་འཛིན་དང་། འཕྲི་འཐེན་དགོས་རིགས་ངེས་པར་དུ་འཕྲི་འཐེན་བྱེད་རྒྱུ།
          ནོར་ཁྲལ་སྒྲིག་སྲོལ་བསྒྱུར་བཅོས་ཇེ་མགྱོགས་སུ་གཏོང་རྒྱུ། ཀྲུང་དབྱང་དང་ས་གནས་ཀྱི་དབང་ཆ་དང་གཏོང་སྒོ་འགན་འཁྲི་ཆེ་བའི་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་གནས་ཐང་འཕར་ཁྲལ་ཀྲུང་དབྱང་དང་ས་གནས་ཀྱིས་མཉམ་སྤྱོད་བྱེད་པའི་བསྡུར་ཚད་གཏན་འཁེལ་ལུགས་མཐུན་བྱེད་རྒྱུ། ས་གནས་ཀྱི་ཡོང་འབབ་ཏུ་བྱས་ན་འཚམ་པའི་ཁྲལ་རིགས་ས་གནས་ལ་སྤྲོད་རྒྱུ་དང་། ཁྲལ་སྲིད་དོ་དམ་གྱི་དབང་ཚད་ཐད་ས་གནས་ལ་དབང་ཆ་འོས་འཚམ་སྤྲོད་རྒྱུ། ཀྲུང་དབྱང་གི་ཆེད་དོན་རྣམ་གྲངས་གཏོང་སྤྲོད་སྤོ་སྒྱུར་བྱེད་ཁྱོན་ཇེ་ཆུང་དུ་བཏང་ནས། ད་ལོ་སྤྱིར་བཏང་རང་བཞིན་གྱི་གཏོང་སྤྲོད་སྤོ་སྒྱུར་བྱེད་ཁྱོན་12.2%མང་དུ་གཏོང་རྒྱུ། ཐོན་ཁུངས་དཔྱ་ཁྲལ་གོང་བསྟུན་བསྡུ་ལེན་ཕྱོགས་ཡོངས་ནས་སྒྱུར་བཅོས་བྱེད་པ་དང་། ཁྲལ་བསྡུའི་དོ་དམ་ཁྲིམས་མཐུན་ལྟར་ལག་བསྟར་བྱེད་རྒྱུ། ས་གནས་སྲིད་གཞུང་གི་བུན་ལེན་དངུལ་བསྡུའི་ལམ་སྲོལ་ཚད་ལྡན་བཙུགས་ཏེ། ནོར་སྲིད་ཀྱི་དངོས་ཤུགས་ཆེ་བ་དང་། བུ་ལོན་གྱི་ཉམས་ཉེན་ཅུང་ཆུང་རིགས་ལ་བཅའ་ཁྲིམས་ཀྱི་གོ་རིམ་ལྟར་བུ་ལོན་གྱི་ཚད་བཀག་མང་དུ་འོས་འཚམ་གཏོང་རྒྱུ། སྲིད་གཞུང་རིམ་པ་ཁག་གིས་འཚོ་བ་སྐྱོ་པོ་སྐྱེལ་བ་རྒྱུན་འཁྱོངས་བྱས་ཏེ། སྒོར་རྡོག་རེ་རེ་བཞིན་མངོན་གསལ་དུ་སྤྱོད་པ་དང་། གནད་ཐོག་ཏུ་སྤྱོད་རྒྱུ།
         དངུལ་ལོར་སྲིད་ཇུས་བརྟན་པོ་སྐབས་བསྟུན་དང་རན་པོ་ཡོང་བར་བྱེད་རྒྱུ། ད་ལོ་ཁྱབ་ཆེའི་དངུལ་ལོར་M2སྔོན་དཔག་ལྟར་ན་13%ཡས་མས་འཕར་རྒྱུ་དང་། སྤྱི་ཚོགས་ཀྱི་དངུལ་བསྡུ་ཁྱོན་ལྷག་འབོར་13%ཡས་མས་འཕར་སྣོན་ཡོང་རྒྱུ་རེད། ཚོང་ར་བཀོལ་སྤྱོད་ཡོངས་བསྒྲགས་དང་། སྐྱེད་ཚད། གྲབས་དངུལ་གྱི་ཚད། བུ་ལོན་བསྐྱར་དུ་གཏོང་ལེན་སོགས་དངུལ་ལོར་སྲིད་ཇུས་ཀྱི་བྱེད་ཐབས་སྣ་ཚོགས་གཅིག་གྱུར་འཆར་འགོད་བེད་སྤྱོད་གཏོང་བ་དང་། འཁོར་རྒྱུག་རང་བཞིན་ལུགས་མཐུན་འདང་ངེས་སྲུང་འཛིན། བརྒྱུད་ཁྲིད་ལམ་སྲོལ་གཤོང་བ། སྤྱི་ཚོགས་ཀྱི་དངུལ་བསྡུའི་མ་གནས་གཅོག་པ། དངོས་གཞིའི་དཔལ་འབྱོར་སྤྱི་དང་ཁྱད་པར་དུ་ཁེ་ལས་ཆུང་ཕྲ་དང“ཞིང་གསུམ”སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ།
           དངུལ་རྩའི་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ། དེང་རབས་ཀྱི་དངུལ་རྩའི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་གང་མགྱོགས་དང་འཐུས་ཚང་དུ་གཏོང་བ་དང་། དངུལ་རྩའི་ཞབས་ཞུའི་དངོས་གཞིའི་དཔལ་འབྱོར་གྱི་ཕན་གོ་ཆོད་ཚད་ཇེ་ཆེར་གཏོང་བ། དངུལ་རྩའི་ཉམས་ཉེན་ལ་ལྟ་སྐུལ་དོ་དམ་ཡོངས་སུ་ཁེབས་པ་བཅས་བྱེད་རྒྱུ། སྐྱེད་ཚད་ཚོང་ར་ཅན་དུ་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་ཚོང་ར་ཅན་ཆགས་པར་བྱེད་པའི་ལམ་སྲོལ་མུ་མཐུད་འཐུས་ཚང་དུ་གཏོང་བ་དང་། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་ལུགས་མཐུན་དང་དོ་མཉམ་གྱི་ཆུ་ཚད་དུ་གཞི་རྩའི་ཐོག་བརྟན་གནས་ཡོང་བར་བྱེད་རྒྱུ། རྒྱལ་ཁབ་ལ་དབང་བའི་ཚོང་ལས་དངུལ་ཁང་དང་། གསར་སྤེལ་རང་བཞིན་དང་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ལས་ཁུངས་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། དམངས་གཉེར་དངུལ་ཁང་གོང་སྤེལ། དངུལ་འཇོག་དང་བུ་ལོན་མཉམ་འགུལ་གྱི་ཚོད་ལྟ་བྱེད་རྒྱུ། མ་རྐང་དང་། བུན་འཛིན་ཚོང་ར་སྒྱུར་བཅོས་དང་ཁྲིམས་ལུགས་ཅན་དུ་འཛུགས་སྐྱོང་བྱས་ཏེ། རིམ་པ་མང་བའི་མ་རྩའི་ཚོང་ར་སྐྱོན་བྲལ་ངང་གོང་དུ་སྤེལ་བ་དང་། ཐད་ཀར་དངུལ་བསྡུའི་བསྡུར་ཚད་ཇེ་མཐོར་གཏོང་རྒྱུ། དུས་དང་བསྟུན་ནས“ཧྲེན་ཀང་མཐུད་སྦྲེལ”བྱེད་འགོ་རྩོམ་རྒྱུ་དང་། གནོད་སྐྱོན་ཆེན་པོའི་ཉེན་འགོག་འགན་ལེན་ལམ་ལུགས་འཛུགས་རྒྱུ། དྲ་ཐོག་དངུལ་རྩ་ཚད་ལྡན་ངང་གོང་དུ་སྤེལ་རྒྱུ། ཀུན་ཕན་དངུལ་རྩ་དང་ལྗང་མདོག་དངུལ་རྩ་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་དང་། ཁྱབ་ཆེའི་ཕྱི་བུན་སྤྱི་ཁོག་ནས་དོ་དམ་གཟབ་ནན་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ། ལམ་ལུགས་ཀྱི་གཟེབ་དྲ་དམ་དུ་གཏོང་རྒྱུ་དང་། དངུལ་རྩའི་སྒྲིག་ལམ་དག་ཐེར་དང་ཚད་ལྡན་དུ་གཏོང་རྒྱུ། དངུལ་རྩའི་མགོ་སྐོར་དང་། ཁྲིམས་འགལ་དངུལ་གསོག དངུལ་འཛིན་དུས་ཚོང་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་བཅས་ལ་རྡུང་རྡེག་ནན་པོར་གཏོང་བ་དང་། མ་ལག་རང་བཞིན་དང་ས་ཁོངས་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་གཞི་ཐིག་མཐའ་གཅིག་ཏུ་བརྟན་པོར་བསྲུང་རྒྱུ།
         (གཉིས།) མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། བསྟུད་མར་འཕེལ་བའི་སྒུལ་ཤུགས་ཆེ་རུ་གཏོང་རྒྱུ། གཙོ་གནད་ཁྱབ་ཁོངས་ཀྱི་འགལ་བ་དང་གནད་དོན་དམིགས་བསལ་ཐག་གཅོད་བྱེད་པར་དམིགས་ཏེ། སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་གང་མྱུར་སེལ་བ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་སྒྱུར་བཅོས་བྱེད་པར་བརྟེན་ནས་མཁོ་སྤྲོད་མ་ལག་གི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་གཏོང་རྒྱུ་དང་། ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་གསར་གཏོད་ཀྱི་ནུས་ཤུགས་འཕེལ་དུ་འཇུག་རྒྱུ།

【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】  【11】  【12】